▶གོས་དཀར་ལྷ་མོ་མཱ་རུའེ་ལ་ངོ་སོ་བསྟོད།
ཉེ་དུས་བུ་མོ་ཞིག་གིས་པུས་མོ་བཙུགས་ནས་ཆུར་ལྷུང་བའི་བྱིས་པ་སྐྱོབ་པའི་བརྙན་པར་ཞིག་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་ལན་ཆ་ཆེན་པོ་བྱུང་ཡོད། དྲ་གྲོགས་ཚོས་བྱམས་སེམས་ཆེ་བའི་ཁྱེད་རང་ཚེ་གང་བདེ་ཞིང་སྐྱིད་པར་ཤོག་ཅེས་དང་། བུ་མོ་ཁྱེད་རང་དཔེ་ཡག་པོ་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱིས་པ་སྐྱོབ་མཁན་དེའི་མིང་ལ་མཱ་རུའེ་ཟེར་བ་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱི་ཧུའེ་རིགས་བུ་མོ་ཞིག་ཡིན་པ་དང་། རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྨན་ཞབས་མ་ཞིག་རེད།
ཟླ་11པའི་ཚེས་19ཉིན་གྱི་ཆུ་ཚོད་14ཡི་ཐོག་མཱ་རུའེ་ཁྱིམ་ནས་ཐོན་ཏེ་གཙང་འགྲམ་ལམ་རྒྱུད་དུ་རྐང་འཁོར་བཞོན་ནས་སྐྱོད་སྐབས། སྲང་ལམ་བརྒལ་མ་ཐག སློབ་གོས་གྱོན་པའི་བུ་ཆུང་ཞིག་གིས་མཱ་རུའེ་ཡི་མདུན་དུ་རྒྱུག་ཡོང་ནས་སྐྱབས་འཇུག་ཞུས་པ་རེད། བུ་ཆུང་ཆུང་དེའི་བྲེལ་འཚུབ་ཀྱི་སྐད་ཆ་ལས་མཱ་རུའེ་ཡིས་མི་ཞིག་རོང་བོའི་དགུ་ཆུར་ལྷུང་ཡོད་པ་ཤེས།
བསམ་བློ་གཏོང་ལོང་མེད་པར་མཱ་རུའེ་ཡིས་གློག་སྒུལ་རྐང་འཁོར་བསྐྱུར་ནས་ཉེན་བརྡའི་ཁ་པར་རྒྱག་བཞིན་གཙང་པོའི་ཕྱོགས་སུ་རྒྱུག དྲག་ཏུ་རྒྱུག་པའི་གཙང་པོའི་ནང་ཕྲུ་གུ་ཞིག་ལྷང་ངེར་མངོན་པ་དང་ལག་པ་ཆུང་ཆུང་ཆུ་ངོས་སུ་ཐོན་ནས་འཕག་འཚག་རྒྱག་བཞིན་ཡོད་ལ་དེ་གཙང་འགྲམ་དང་བར་ཐག་སྨི་10ཙམ་ཡོད་པས་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་རེད།
དགུན་ཁར་གནམ་གཤིས་གྲང་ངར་ཆེ། དྲག་ཏུ་རྒྱུག་པའི་གཙང་པོས་བྱིས་པ་མར་ཁུར་བས། མཱ་རུའེ་ཡིས་གོམ་པ་འགའ་སྤོས་ཏེ་འཕྲང་ལམ་གྱི་རྡོ་སྟེགས་ནས་ཆུ་འགྲམ་དུ་རྒྱུག་ཅིང་ཆུ་འཁྱག་གི་གཙང་པོའི་ནང་དུ་མཆོངས། མཱ་རུའེ་ཡིས་གོ་སྐབས་དམ་འཛིན་གྱིས་བྱིས་པའི་ལག་པ་ནས་བཟུང་སྟེ་གཙང་འགྲམ་དུ་འགུལ་སྐྱོད་བྱེད་སྐབས། གོམ་པ་འཁྱོར་ཏེ་ཏོག་ཙམ་མ་གཏོགས་འགྱེལ་གྲབས་བྱས། མཱ་རུའེ་ཡིས་ནུས་ཤུགས་ཡོད་རྒུས་གཟུགས་པོ་བརྟན་པོ་བྱས་ནས་ཕྲུ་གུ་པང་དུ་བཟུང་སྟེ་དཀའ་ཚེགས་ཆེན་པོས་གཙང་འགྲམ་དུ་བཅར། ཕྱིར་གཙང་འགྲམ་དུ་ལོག་རྗེས། མཱ་རུའེ་ཡིས་ཆུ་ནང་དུ་ལྷུང་བའི་བྱིས་པ་དེའི་མཆུ་ཏོ་སྨུག་པོར་གྱུར་བ་དང་། ངོ་མདོག་སྐྱ་བོར་གྱུར་བ། ལུས་པོ་མཁྲེགས་པོ་ཡིན་པ་སོགས་མཐོང་ནས་གློ་སྙིང་སླར་གསོ་བྱས། དུས་ཚོད་སྐར་ཆ་རེ་རེ་བཞིན་འདས་པས་མཐར་བུ་ཆུང་དེར་གཞི་ནས་ཚོར་སྣང་བྱུང་། མཱ་རུའེ་ཡིས་མྱུར་དུ་བྱིས་པའི་རློན་པར་གྱུར་བའི་ལྭ་བ་ཕུད་ནས་རང་གི་བྱ་སྤུའི་ལྭ་བས་བྱིས་པ་བཏུམས། སྐབས་དེར་མི་དམངས་ཉེན་རྟོག་པ་ཡང་ས་གནས་ས་ཐོག་ཏུ་འབྱོར།
ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་མཁར་ལྷོ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་གཡང་འབུམ་རྒྱལ་གྱིས། ང་ཚོ་ས་གནས་ས་ཐོག་ཏུ་སླེབས་སྐབས། བུ་མོ་ཆུང་ཆུང་དེས་ཆུར་ལྷུང་བའི་བྱིས་པར་གློ་སྙིང་སླར་གསོ་བྱས་ཚར་འདུག་ཅེས་བཤད་ཡོད།
མྱུར་སྐྱོབ་ཁ་པར་འབྱོར་རྗེས་ཁུལ་མི་དམངས་སྨན་ཁང་གིས་འཕྲལ་དུ་གེགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་དང་བྱིས་པའི་ཚན་ཁག་གི་ཆེད་ལས་ཚན་ཁག་གི་སྨན་པ་ཚོས་ས་གནས་ས་ཐོག་ཏུ་བཀའ་ལ་སྒུག་ནས་བསྡད། ཁུལ་མི་དམངས་སྨན་ཁང་གི་དོད་དྲག་ཚན་ཁག་གི་སྨན་ཞབས་འགོ་པ་ཡན་ཧྥེ་ཧྥེ་ཡིས། ཕྲུ་གུ་དེ་གར་སྐྱེལ་ཡོང་དུས་གནས་ཚུལ་ཧ་ཅང་ཛ་དྲག་པོ་འདུག མཱ་རུའེ་ཡིས་ཆེད་ལས་ཀྱི་མྱུར་སྐྱོབ་བྱེད་ཐབས་སྤྱད་ཀྱང་ཕྲུ་གུའི་ཚེ་སྲོག་བདེ་ཐང་མེད་པ་དང་ཁྲག་གི་གསོ་རླུང་འདང་ཚད་དམའ་པོ་ཡོད་ཅེས་བཤད།
བྱིས་ནད་ཚན་ཁག་གི་སྨན་པས་མཉམ་བསྡུས་བརྟག་དཔྱད་བྱས་རྗེས།འཕྲལ་བཅོས་ཚན་ཁག་གི་སྨན་པས་དེ་མ་ཐག་ཆུར་ལྷུང་བའི་བྱིས་པར་དྲོད་སླར་གསོ་བྱེད་པའི་བྱེད་ཐབས་སྤྱད། ཕལ་ཆེར་སྐར་མ་བཅུ་ལྷག་འགོར་རྗེས།བྱིས་པའི་ཨ་མ་དང་རྨོ་བོ་གཉིས་སྨན་ཁང་དུ་འབྱོར། འཁྲིས་ཀྱི་ལུས་ཡོངས་རློན་པར་གྱུར་པའི་མཱ་རུའེ་ནི་ཕྲུ་གུའི་སྲོག་སྐྱོབ་ཀྱི་དྲིན་ཅན་ཡིན་པ་ཤེས་སྐབས་ཁོང་གཉིས་པོ་མིག་ཆུ་དབང་མེད་དུ་ཤོར་ནས་ མཱ་རུའེ་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།
ཆུ་ཚོད་3རིང་ཛ་དྲག་སྨན་བཅོས་བྱས་པ་བརྒྱུད། ཆུ་ཚོད་18ཙམ་ལ་ཆུར་ལྷུང་བའི་བྱིས་པ་དེ་མཐར་སྲོག་ཉེན་ལས་ཐར་བ་རེད།
རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་མཱ་ཅུན་ཆིང་གིས་སྨན་ཁང་དུ་རྒྱ་རིགས་དང་།བོད་རིགས།སོག་རིགས།ཧུའེ་རིགས།ས་ལར་རིགས་སོགས་ཀྱི་ལས་དོན་མི་སྣ་400ལྷག་ཙམ་ཡོད་པ་དང་དུས་ཡུན་རིང་པོའི་ནང་ཚང་མས་ཞི་མཐུན་མཉམ་གནས་དང་མཐུན་སྒྲིལ་མཉམ་ལས་བྱེད་ཀྱི་ཡོད། སྨན་ཁང་གི་ཏང་ཨུད་ཚན་ཁག་གིས་འདི་གོ་སྐབས་སུ་བྱས་ནས་བློ་མཐུན་མཱ་རུའེ་ཡི་བདེན་པའི་རྒྱབ་ལངས་དང་རང་དོར་གཞན་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྨན་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚོས་ཁོང་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཉིན་དེའི་འཇིགས་སྐྲག་ཆེ་བའི་གནས་ཚུལ་དག་ལ་ཕྱིར་དྲན་བྱེད་སྐབས་ཆུར་ལྷུང་བའི་བུ་ཆུང་དེའི་ཨ་མ་གདུགས་དཀར་སྐྱིད་ཀྱིས་མིག་ལ་མཆི་མ་འཁོར་བཞིན་མཱ་རུའེ་ཡི་ལག་པར་འཇུས་ཏེ་བཀའ་དྲིན་ཆེ། ཁྱེད་མེད་ན་ངའི་ཕྲུ་གུ་གཅིག་པུ་དེ་མེད་པར་གྱུར་སོང་ཞེས་བཤད།
དོན་རྐྱེན་གྱི་ཉིན་གཉིས་པར་གདུགས་དཀར་སྐྱིད་དང་ཁོང་གི་ནང་མི་ཚོས་མཱ་རུའེ་ལ་ཁ་བཏགས་དང་གཟེངས་བསྟོད་གོས་དར་ཕུལ་ནས། ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། སྒྲོལ་མ་སྐྱབས།