▶ཕ་ཁི་སི་ཐན་གྱི་འབར་གས་འཇབ་རྒོལ་འདིའི་ཁྲོད་ད་བར་མི་27གྲོངས་འདུག
ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་9ཉིན། ཕ་ཁི་སི་ཐན་ལྷོ་ནུབ་ཁུལ་གྱི་ཁུའེ་ཏ་མེ་འཁོར་འབབ་ཚིགས་སུ་འབར་གས་དོན་རྐྱེན་ཐོན་ཡོད། ཕ་ཁི་སི་ཐན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་སྡེ་ཚན་དང་འཕྲོད་བསྟེན་སྡེ་ཚན་གྱི་མགྲིན་ཚབ་པས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་དོན་རྐྱེན་འདིའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་27བར་འཕར་ཡོད། འཕྲོད་བསྟེན་སྡེ་ཁག་གི་མགྲིན་ཚབ་པས་ད་དུང་། འབར་གས་དོན་རྐྱེན་འདིའི་ཁྲོད་མི་62ལ་རྨས་སྐྱོན་ཕོག་ཡོད་ཅེས་བསྟན་འདུག ཉེན་རྟོག་པས་ཐོག་མའི་བརྟག་དཔྱད་བྱས་པ་ལས་མངོན་པར། འཇབ་རྒོལ་བྱེད་མཁན་གྱིས་རང་ལུས་སྟེང་འབར་རྫས་སྤྱི་རྒྱ་7ནས་8བར་བསྡམས་ནས་མི་ཚོགས་ཀྱི་ཁྲོད་དུ་འབར་རྫས་སྤར་འདུག མིག་སྔར་ས་གནས་ས་ཐོག་གི་གནས་ཚུལ་ཞི་འཇགས་སུ་ཕྱིན་མོད། བརྟག་དཔྱད་ལས་དོན་མུ་མཐུད་སྤེལ་བཞིན་ཡོད།
འཇིགས་སྐུལ་སྒྲིག་འཛུགས་པེ་ལུའུ་ཆིའི་བཅིངས་འགྲོལ་དཔུང་སྡེ་ཞེས་པ་དེས་ཐེངས་འདིའི་འཇབ་རྒོལ་བཟོས་པ་ཁྱབ་བསྒྲགས་བྱས་པ་དང་། འཇབ་རྒོལ་བྱ་ཡུལ་གཙོ་བོ་ནི་ཉིན་དེར་འབབ་ཚུགས་འདིར་རླངས་འཁོར་ལ་བསྡད་མཁན་ཕ་ཁི་སི་ཐན་དམག་མིའི་དཔུང་སྡེ་ཞིག་ཡིན་ཞེས་བརྗོད་ཡོད།
དོན་རྐྱེན་ཐོན་རྗེས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་·ཞེ་ལི་ཧྥུའུ་ཡིས་ཁུའེ་ཏ་མེ་འཁོར་འབབ་ཚུགས་སུ་ཐོན་པའི་འབར་གས་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྨས་སྐྱོན་ཕོག་མཁན་ཚོར་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱ་དགོས་པའི་མཛུབ་སྟོན་བྱས་ཤིང་། འདས་པོའི་ཁྱིམ་མིར་སེམས་གསོའི་འཚམས་འདྲི་ཞུས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། བདེ་གཡང་།