ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མི་རིགས་ཀྱི་ཕུལ་བྱུང་གླུ་གཞས་སྤྲོ་ཚོགས་ཤིག་པེ་ཅིང་དུ་གཉེར་འདུག

2024-10-01 13:32:00     责编:卓玛才让

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པར་རྟེན་འབྲེལ་ཞུ་བའི་སྐབས་སུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་མཉམ་གཉེར་བྱས་པའི་《འདི་ནི་ང་ཚོའི་མཛེས་པའི་ཁྱིམ་གཞིས་ཡིན》ཞེས་པའི་མི་རིགས་ཀྱི་གླུ་གཞས་ཕུལ་བྱུང་གི་རོལ་དབྱངས་སྤྲོ་ཚོགས་ཤིག་མི་རིགས་ཟློས་གར་ཁང་དུ་གཉེར་ཡོད།

     རོལ་དབྱངས་སྤྲོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་ཐོག དར་ཁྱབ་ཤིན་ཏུ་ཆེ་བའི་མི་རིགས་གླུ་གཞས་ཕུལ་བྱུང་20ལྷག་ཙམ་གཏོང་ལེན་བྱེད་པའི་རྣམ་པའི་ཐོག་ནས་ཀྲུང་གོ་གསར་པར་ལོ་ངོ་75ལྷག་ཙམ་རིང་ཐོབ་པའི་བརྗིད་ཆེའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་བ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་མཐུན་སྒྲིལ་འབད་འཐབ་དང་། ཉིན་བཞིན་ཡར་རྒྱས་འགྲོ་བའི་ཉམས་བཟང་མངོན་པ། མི་རིགས་ཁག་གི་མི་དམངས་ཀྱིས་གཙོ་འཛིན་ལ་བརྩི་བཀུར་དང་། ཏང་གི་དྲིན་ཚོར་བ་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ། བློ་སེམས་གཅིག་མཐུན་སྒོ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་བཅས་ཀྱི་ཟོལ་མེད་སེམས་སྒྲ་མཚོན་པར་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱིས “གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།

     རོལ་དབྱངས་སྤྲོ་ཚོགས་དེ་ཉིད་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་བའི་《རྟེན་འབྲེལ་མཛད་སྒོའི་སྔོན་འགྲོའི་རོལ་དབྱངས》ཁྲོད་འགོ་ཚུགས་པ་དང་། འགོ་ཚུགས་ལེ་ཚན་《དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཡིན》ཞེས་པའི་གླུ་གཞས་ཀྱིས་མ་ཡུམ་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་ཡོད་ལ། མི་56ལས་གྲུབ་པའི་མཉམ་གཞས་ཚོགས་པའི་འཐུས་མིས་མི་རིགས་56མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ཚུལ་མཚོན་པར་བྱས་ཡོད།

     ཕུལ་བྱུང་གླུ་གཞས་རེ་རེ་གཏོང་ལེན་བྱས་པ་བརྒྱུད་རོལ་དབྱངས་སྤྲོ་ཚོགས་དེར་དགའ་སྤྲོའི་མཐོ་རླབས་ཡང་ཡང་འཕྱུར་བ་དང་། མི་རིགས་ཁག་དབར་ཁྲག་རྒྱུན་མཉམ་འདྲེས་དང་། དད་སེམས་གཅིག་མཐུན། རིག་གནས་གཅིག་འབྲེལ། དཔལ་འབྱོར་གཅིག་ལ་གཅིག་བརྟེན། ཕན་ཚུན་གྱི་བརྩེ་བ་ཟབ་པ་བཅས་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་ཚང་མར་ཐུན་མོང་གི་ཁྱིམ་གཞིས་དང་། ཐུན་མོང་གི་ཐོབ་ཐང་། ཐུན་མོང་གི་མིང་། ཐུན་མོང་གི་ཕུགས་འདུན་བཅས་ལྡན་པ་གསོན་ཉམས་དོད་པོའི་སྒོ་ནས་མངོན་ཡོད།

     ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཕན་ཡུའེ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལི་དབྱི། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི། ཆེད་དོན་ཨུ་ཡོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཀྱི་དཔེ་བཟང་མི་སྒེར་ལས་གྲུབ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་སའི་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ། སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་དང་དེ་བཞིན་ལས་རིགས་ཁག་གི་གཟིགས་མོ་བ་བཅས་ལས་གྲུབ་པའི་མི་3000ཙམ་གྱིས་ཡུལ་དངོས་སུ་འཁྲབ་སྟོན་ལ་གཟིགས་ཡོད།

中央广播电视总台 央广网 版权所有

མི་རིགས་ཀྱི་ཕུལ་བྱུང་གླུ་གཞས་སྤྲོ་ཚོགས་ཤིག་པེ་ཅིང་དུ་གཉེར་འདུག