པཎ་ཆེན་མཆོག་ནས་ནག་ཆུར་རྟོག་ཞིབ་གནང་ཞིང་ཆོས་ཀྱི་མཛད་འཕྲིན་བསྐྱངས།
ཉིན་ཤས་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ནག་ཆུར་རྟོག་ཞིབ་བརྟག་དཔྱད་གནང་བ་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པ་རེད།
སོག་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ། པཎ་ཆེན་རིན་པོ་ཆེས་དེ་གའི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་། སྔ་རྗེས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞུ་ཡུལ་མི་སྣ་ཨ་དར་དང་། ངག་དབང་བརྩོན་འགྲུས། གུ་ཐར་བཅས་ཀྱི་ཉལ་ཁང་དུ་ཕེབས་ནས་ཚང་མར་བྱམས་བརྩེའི་བཀའ་མོལ་གནང་བ་རེད། སོག་རྫོང་སྨན་རྩིས་ཁང་དུ་པཎ་ཆེན་རིན་པོ་ཆེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་རྩ་སྦྱོང་གི་ཕྱག་རྒྱུན་རྒྱུན་འཛིན་གྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ཡོད།
པཎ་ཆེན་རིན་པོ་ཆེས་ད་དུང་ཤང་གྲོང་དར་རྒྱས། ནག་ཆུ་མདུན་སྐྱོད་ཅེས་པའི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་དང་། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཡང་ཞུགས་གནང་ཡོད།
ནག་ཆུ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་འདུ་ཤེས་གསུམ་ལག་བསྟར་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་དང་ཏང་གི་རྗེས་སུ་འབྲང་བའི་བཞུགས་མོལ་ཚོགས་འདུའི་ཐོག པཎ་ཆེན་རིན་པོ་ཆེས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག འདུ་ཤེས་གསུམ་གྱི་སློབ་གསོ་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་ཟུང་འབྲེལ་གྱིས། བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
དེའི་རིང་། པཎ་ཆེན་རིན་པོ་ཆེས་ད་དུང་འབྲི་རུ་རྫོང་གི་དགོན་གསར་དགོན་དང་། གསའ་མདའ་དགོན། འབྲི་རུ་དགོན་བཅས་དང་། སོག་རྫོང་གི་རི་སྤུང་བཙུན་དགོན་དང་ཆོས་འཁོར་དགོན། སྦྲ་ཆེན་རྫོང་གི་ཀླུ་ཕུག་དགོན། གསེར་རྙེད་ཆུས་ཀྱི་ཞབས་བརྟན་དགོན་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
སྒྲིག་སྒྱུར། སྒྲོལ་མ་སྐྱབས།
སྙན་སྒྲོན། རིན་ཆེན་དབང་འདུས།