འབྲི་ཆུའི་ཆུ་འགོའི་སྲུང་སྐྱོབ་ཁུལ་དུ་བྱེད་སྒོ་འདི་དག་སྤེལ་མི་ཆོག
ཟླ་5ཚེས་20ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་བཅོས་སྐྱོང་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ཀྱིས《འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་ཡུལ་སྐོར་དང་མྱུལ་དཔྱད། བགྲོད་བརྒལ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཡོད།
གཅིག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་ཆུ་འགོའི་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད། བགྲོད་བརྒལ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། རྩ་འཛུགས་སམ་མི་སྒེར་གང་རུང་ཞིག་ལ་ཆོག་མཆན་མ་ཐོབ་པར་བསྐྱོད་མི་ཆོག གཏན་འབེབས་དང་འགལ་བའི་སྡེ་ཚན་ནམ་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་། ཁྲིམས་འགལ་ངང་ཡུལ་སྐོར་དང་མྱུལ་དཔྱད། བགྲོད་བརྒལ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པའི་དབང་གིས་ལྟེ་བའི་སྲུང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་འབྱུང་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཏང་བའི་ཚན་པའམ་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། རང་འདོད་ངང་འཛུལ་ནས་མི་སྣ་འཆི་རྨས་སོགས་ཀྱི་དོན་རྐྱེན་ཐོན་ཚེ། བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་སྡེ་ཚན་ནམ་མི་སྒེར་གྱིས་འབྲེལ་ཡོད་འགན་འཁྲི་འཁུར་དགོས།
གཉིས། ཚན་རིག་ཞིབ་འཇུག་གི་དགོས་མཁོའི་དབང་གིས་ངེས་པར་དུ་ལྟེ་བའི་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱེད་སྒོ་སྤེལ་དགོས་ན། ངེས་པར་དུ་སྔོན་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ལ་རེ་ཞུ་དང་བྱེད་སྒོའི་འཆར་གཞི་འབུལ་དགོས། དོ་དམ་ཅུས་ཀྱི་འབྲེལ་ཡོད་སྒྲིག་གཞིས་ཆོག་མཆན་བཀོད་པ་དང་འབྲེལ་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)ཁུལ་གྱི་འབྲི་སྟོད་དོ་དམ་ཁྲུའུ་ལ་ཐོ་འགོད་སྙན་སེང་ཞུས་རྗེས། ཆོག་མཆན་སྤྲད་པའི་འཆར་གཞི་དང་ལམ་ཐིག་གཞིར་བཟུང་འབྲེལ་ཡོད་བྱེད་སྒོ་སྤེལ་ཆོག འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འགལ་བྱེད་སྒོ་སྤེལ་བའི་གཙོ་གནད་ས་ཁུལ་གྱི་ཁྱབ་ཁོངས་ནི། འབྲི་སྟོད་རྫོང་གི་ཟོ་སྐྱ་ཤང་དང་བྲག་དཀར་ཤང་། དགོན་གསར་ཤང་བཅས་ཡིན།
གསུམ། རྒྱལ་ཁབ་སྤྱི་གླིང་གི་ཁུལ་དབྱེའི་དོ་དམ་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུ་དགོས། རང་བྱུང་འབྱུང་ཁམས་མ་ལག་ལ་གནོད་འཚེ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་དམིགས་བསལ་ཆོག་མཆན་བཀོད་པའི་གཉེར་སྐྱོང་གི་རྣམ་པའི་ཐོག་ནས་ཁྲིམས་ལྟར་འབྱུང་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོ་སོགས་འབྲེལ་ཡོད་བྱེད་སྒོ་སྤེལ་ཆོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཆོག་མཆན་མ་ཐོབ་པར་རྩ་འཛུགས་དང་མི་སྒེར་གང་རུང་གིས་རང་འདོད་ངང་འབྱུང་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱ་མི་ཆོག གལ་ཏེ་ཞིབ་བཤེར་རྩད་ཆོད་བྱུང་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ།
བཞི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་རྩ་འཛུགས་དང་མི་སྒེར་གང་རུང་གིས་དྲ་རྒྱ་དང་ཚགས་པར། དུས་དེབ་སོགས་སྨྱན་སྦྱོར་སྟེགས་བུའི་ཐོག་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱ་མི་ཆོག རང་འདོད་ངང་ཆ་འཕྲིན་རྫུན་བཟོ་བྱས་ནས་ཡུལ་སྐོར་དང་མྱུལ་དཔྱད། ལམ་ཐིག་བརྒལ་ནས་བགྲོད་བརྒལ་བཅས་བྱས་ཏེ། ཤུགས་རྐྱེན་ངན་པ་བཟོས་པའི་སྡེ་ཚན་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ།
ལྔ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)ཁུལ་གྱི་རང་བྱུང་ཐོན་ཁུངས་རྒྱལ་ཁབ་ལ་དབང་བས། སྡེ་ཚན་དང་མི་སྒེར་ཚང་མས་རང་རྟོགས་ངང་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་བ་དང་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་དང་ཁོར་ཡུག་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། རང་འདོད་ངང་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་འཛུལ་བ་དང་ས་གནས་དེ་གའི་འབྱུང་ཁམས་ཁོར་ཡུག་དང་བྱེས་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་སྡེ་ཚན་དང་མི་སྒེར་གང་རུང་གིས་ཐེར་འདོན་དང་བཀག་འགོག་བྱེད་པའི་དབང་ཆ་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། རྡོ་ཐར།