▶དབྱི་སི་རལ་དང་ཧ་མ་སིའི་འགོ་ཁྲིད་འཛིན་རྒྱུའི་རེ་ཞུ་བྱས་འདུག
ཚེས་20ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་ཁ་ལི་མུའུ.ཧན་གྱིས་གསལ་བསྒྲགས་སྤེལ་ནས། རང་ཉིད་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཚུད་པའི་དབྱི་སི་རལ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གཉིས་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་འགོ་ཁྲིད་པ་གསུམ་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་རེ་ཞུ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
གསལ་བསྒྲགས་ནང་། ནེ་ཐ་ཉི་ཡ་ཧུའུ་དང་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེ་ལ་ཉུང་མཐར་ཡང་2023ལོའི་ཟླ་10ཚེས་8ཉིན་ནས་བཟུང་ཀ་ཧྲ་ས་ཁུལ་དུ་དམག་འཁྲུག་གི་ཉེས་པ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ་བསགས་པར་ཉེས་དོན་འགན་འཁྲི་འཁུར་རྒྱུ་དགོས་པའི་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཅེས་འཁོད་ཡོད།
གསལ་བསྒྲགས་ནང་། ཉེས་སྤྱོད་དེ་དག་ནི་དབྱི་སི་རལ་དང་ཕ་ལེ་སི་ཐན་དབར་གདོང་ཐུག་ཐོན་པའི་རྒྱབ་ལྗོངས་འོག་བསགས་ཤིང་། དེའི་ནང་བཀྲེས་ལྟོགས་དེ་དམག་འཁྲུག་གི་ལག་ཆར་བརྩིས་པ་དང་། མི་སེར་ལ་མནར་གཅོད་གཏོང་བ། རྐང་བཙུགས་ནས་ཕར་རྒོལ་བྱེད་པ། དམར་གསོད་གཏོང་བ་སོགས་ཚུད་ཡོད། ཉེས་གསོག་བྱ་སྤྱོད་དེ་དག་ད་བར་སྔར་བཞིན་རྒྱུན་མཐུད་བྱེད་བཞིན་ཡོད་ཅེས་འཁོད་ཡོད།
གསལ་བསྒྲགས་ནང་ད་དུང་། དཔང་རྟགས་ལས་མངོན་པར། དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་ལ་ཁྱོན་ཡོངས་ནས་བསྐོར་སྐྱིལ་བྱས་པ་དེའི་ནང་ས་མཚམས་སྒྲོལ་བའི་ས་ཚིགས་སྒོ་རྒྱག་པ་དང་། བཟའ་བཅའ་དང་སྨན་རྫས་སོགས་མི་ཆོས་རོགས་སྐྱོབ་དངོས་ཟོག་ནང་འདྲེན་བྱ་རྒྱུར་ཚོད་འཛིན་བྱས་པ། ཆུ་དང་གློག་བཅད་པ། མང་ཚོགས་དང་དེ་བཞིན་མི་ཆོས་རོགས་སྐྱོབ་མི་སྣར་འཇབ་རྒོལ་དང་དམར་གསོད་བཏང་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ཚུད་ཡོད། རྐང་བཙུགས་པ་མ་ཟད་འཆར་གཞི་ཡོད་པའི་སྒོ་ནས་ཀ་ཧྲ་ས་ཁུལ་ཁག་གི་མང་ཚོགས་འཚོ་གནས་རྒྱུན་སྲུང་ཐུབ་པའི་དགོས་ངེས་ཀྱི་དངོས་ཟོག་བཙན་འཕྲོག་བྱས་ཡོད་ཅེས་འཁོད་ཡོད།
གསལ་བསྒྲགས་ལ་གཞིགས་ན། ཁ་ལི་མུའུ.ཧན་གྱིས་ད་དུང་ཧ་མ་སིའི་འགོ་ཁྲིད་པ་གསུམ་འཛིན་བཟུང་བྱ་རྒྱུའི་རེ་ཞུ་བྱས་པ་སྟེ། ཧ་མ་སིའི་ཀ་ཧྲ་ས་ཁུལ་གྱི་འགོ་ཁྲིད་མི་སྣ་ཡེ་ཧའེ་ཡ.ཤིན་ཝར་དང་། ཧ་མ་སིའི་ཁོངས་གཏོགས་དྲག་ཆས་ཤོག་ཁག་ཁ་སང་ལུའི་ཤོག་གི་འགོ་ཁྲིད་པ་མོ་ཧན་མོ་ཏེ.ཏི་ཡ་པུའུ.དབྱི་པུའུ་ལ་ཤིན.མ་སི་ལི། ཧ་མ་སིའི་ཆབ་སྲིད་ཅུས་ཀྱི་འགོ་ཁྲིད་པ་ཧ་ཉི་ཡ་བཅས་རེད། ཞིབ་དཔྱོད་དཔོན་དེས་ཧ་མ་སིའི་འགོ་ཁྲིད་པ་གསུམ་པོས་ཉུང་མཐར་ཡང་2023ལོའི་ཟླ་10ཚེས་7ཉིན་ནས་བཟུང་། དབྱི་སི་རལ་གྱི་མངའ་ཁོངས་དང་ཀ་ཧྲ་ས་ཁུལ་དུ་དམག་འཁྲུག་གི་ཉེས་པ་བསགས་པ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ་བསགས་པར་ཉེས་དོན་འགན་འཁྲི་འཁུར་པའི་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཅེས་བརྗོད་ཡོད།
ཧོ་ལན་གྱི་ཧའེ་ཡ་རུ་གནས་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དེ་2002ལོའི་ཟླ་7པར་གོ་ཆོད་པའི《རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རོ་མའི་གྲོས་ཆིངས》གཞིར་བཟུང་བཙུགས་པ་དང་། གྲོས་ཆིངས་ཀྱི་ནུས་པ་ཐོན་རྗེས་ཐོན་པའི་རིགས་རྒྱུད་རྩ་མེད་གཏོང་བའི་ནག་ཉེས་དང་། མིའི་རིགས་ལ་ངོ་རྒོལ་བྱེད་པའི་ནག་ཉེས། དམག་འཁྲུག་གི་ནག་ཉེས། བཙན་འཛུལ་གྱི་ནག་ཉེས་བཅས་ལ་བདག་སྐྱོང་དབང་ཆ་ལྡན་ཡོད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཞིབ་དཔྱོད་དཔོན་གྱི་རེ་འདུན་གཞིར་བཟུང་འཛིན་བཟུང་བཀའ་རྒྱ་སྤྲད་ཆོག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། འབྲུག་འཚོ་སྐྱིད།
སྙན་སྒྲོན། སྒྲོལ་དཀར།