ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཨ་རིས་AIདམག་འཐབ་གནམ་གྲུ་ཐོག་མར་ཕྱིར་བསྟན་པ།

2024-05-15 09:48:00     责编:卓玛才让

     ཉེ་ཆར། ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་མི་ཐབས་རིག་ནུས་(AI)དམག་འཐབ་གནམ་གྲུའི་རྣམ་གྲངས་དེ་ཡོངས་བསྒྲགས་ཐེངས་དང་པོ་བྱས་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་མཁའ་དམག་པུའུ་ཀྲང་ཧྥུ་ལན་ཁེ·ཁེན་ཏེའར་གྱིས་ཨ་རིའི་རྒྱལ་སྲུང་པུས་ཞིབ་བཟོ་བྱེད་བཞིན་པའི་X-62Aམི་ཐབས་རིག་ནུས་གནམ་གྲུ་ཚོད་གཏོང་བྱས་ཡོད། ཆུ་ཚོད་གཅིག་གི་འཕུར་སྐྱོད་ནང་། ཁེན་ཏེའར་གྱིས་བརྒྱུད་རིམ་ཧྲིལ་པོར་གནམ་གྲུའི་ཁ་ལོ་སྒྱུར་བ་སོགས་པའི་ཐད་ཐེ་ཇུས་བྱས་མེད་པར། གནམ་གྲུའི་བཀོལ་སྤྱོད་ཚང་མ་AIཡིས་རང་བདག་ངང་ལེགས་སྒྲུབ་བྱས་ཡོད།

     X-62Aམི་ཐབས་རིག་ནུས་གནམ་གྲུ་དེ་ནི་F-16དམག་འཐབ་གནམ་གྲུ་བཅོས་སྒྲིག་བྱས་ནས་བཟོས་པ་ཞིག་རེད། ད་ཐེངས་X-62Aམི་ཐབས་རིག་ནུས་གནམ་གྲུ་དང་མིའི་རིགས་ཀྱི་འཕུར་སྐྱོད་པས་ཁ་ལོ་སྒྱུར་བའི་དམག་འཐབ་གནམ་གྲུ་གཞན་ཞིག་དབར་གཅིག་གཏད་གཅིག་གིས་མཁའ་ཐོག་དམག་སྦྱོང་བྱས་པ་དང་། དམག་འཐབ་གནམ་གྲུ་དེ་གཉིས་དབར་བར་ཐག་ཉེ་ཤོས་མཚམས་སུ་སྨི་300ཙམ་གྱི་བར་ཐག་ལས་མེད་པ་རེད།

     དམག་དོན་དཔྱད་གཏམ་སྤེལ་མཁན་ཝུའེ་ཏུང་ཤུས་ཀྱིས། ད་ལྟ་ཨ་རིའི་མཁའ་དམག་གིས་AIདམག་འཐབ་གནམ་གྲུ་ཕྱིར་བསྟན་པ་དེ་ནི་རང་ཉིད་ཀྱི་ཁ་ངོ་སྲུང་ཆེད་AIདམག་འཐབ་གནམ་གྲུ་དེ་ཡག་པོ་ཡོད་ལུགས་ཚད་དང་བརྒལ་ནས་འུད་སྒྲོག་བྱས་པ་ཞིག་རེད། ད་ལོའི་ཟླ་བ་དང་པོ་དང་ཟླ་བ་བཞི་པར། ཨ་རིའི་དམག་གི་F-16དམག་འཐབ་གནམ་གྲུ་གཉིས་ལ་ཁག་སོ་སོར་དོན་རྐྱེན་བྱུང་ཡོད། དེ་དོན། གལ་སྲིད་གནམ་གྲུའི་མཁྲེགས་ཆས་མ་ལག་བློས་འགེལ་ཆོག་པ་ཞིག་མེད་ན། ངེས་པར་དུ་མི་ཐབས་རིག་ནུས་ལ་ཐོབ་པའི་བཟང་ཆ་མངོན་གསལ་དོད་དུ་བཏང་ནས། དམག་མིའི་ངར་ཤུགས་འཕེལ་བ་དང་དམག་སེམས་བརྟན་པོ་ཡོང་བའི་ཆེད་དུ་རེད་ཅེས་བསྟན་ཡོད།

     AIཡིས་འཕུར་སྐྱོད་པའི་ཚབ་བྱེད་པ་དེས་མཁའ་ཐོག་དམག་འཐབ་ཀྱི་རྣམ་པར་འགྱུར་བ་གཏོང་ཐུབ་བམ། དོན་དེའི་ཐད། དམག་དོན་མི་ཐབས་རིག་ནུས་ཀྱི་རིགས་གཅིག་མཁས་ཅན་ཝུའུ་མིང་ཞི་ཡིས། མིག་སྔར་ཨ་རིའི་མཁའ་དམག་གིས་F-16དམག་འཐབ་གནམ་གྲུ་6ལ་དུས་གཅིག་ཏུ་སྒྱུར་བཀོད་བྱེད་བཞིན་ཡོད་པ་དང་། AIདམག་འཐབ་གནམ་གྲུ་ཁྱུ་ཚོགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རེད། མིས་ཁ་ལོ་བསྒྱུར་བའི་འཐབ་འཛིང་གནམ་གྲུ་དང་བསྡུར་ན། AIཡིས་ནུས་པ་སྤྲད་པའི་འཐབ་འཛིང་གནམ་གྲུ་དེ་རིགས་ནི་འཕུར་སྐྱོད་པའི་ལུས་པོའི་མཐའ་ཚད་ཀྱི་གནད་དོན་དེར་བསམ་བློ་གཏོང་མི་དགོས་པ་དང་། བར་སྟོང་དེ་བས་གྲོན་ཆུང་བྱེད་ཐུབ་པ། གནམ་གཤིས་ཀྱི་ཆ་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ་པ་བཅས་ཡིན་པས། བར་སྣང་ཁམས་སུ་མཐའ་ཚད་འཐབ་འཛིང་བྱེད་པའི་ནུས་པ་ལྡན་ཡོད་ཅེས་བསྟན་འདུག

     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་འབྲེལ་ཡོད་ལག་རྩལ་ད་དུང་བྱང་ཆུབ་པར་གྱུར་མེད་མོད། འོན་ཀྱང་ཨ་རིའི་མཁའ་དམག་གིས་AIམི་མེད་དམག་འཐབ་གནམ་གྲུ་1000ལྷག་ཙམ་ལས་གྲུབ་པའི་དམག་དཔུང་ཞིག་འཛུགས་རྩིས་ཡོད་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་2028ལོར་གནམ་གྲུ་དང་པོ་དེ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད། ཨ་རིའི་མཁའ་དམག་གིས་AIམགྱོགས་མྱུར་འཕེལ་རྒྱས་གཏོང་བར་ཕྱི་ཕྱོགས་ཀྱིས་དོགས་ཟོན་བྱེད་ཀྱི་ཡོད། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས། འཆི་གསོན་གྱི་ཐག་གཅོད་དབང་ཆ་དེ་ཚོར་འདྲེན་སྒྲིག་ཆས་དང་མཉེན་ཆས་ལ་སྤྲོད་རྒྱུའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ཐ་ཚིག་བསྒྲགས་ཡོད་ཅིང་། “རང་བརྟེན་མཚོན་ཆ”ནི་སེམས་ཁྲལ་བྱེད་པའི་ཐད་ཀའི་རྒྱུ་རྐྱེན་ཞིག་ཡིན་པས་རྒྱལ་སྤྱིའི་ནས་ཆབ་སྲིད་ཀྱི་ལན་ཆ་བྱེད་དགོས་ཞེས་བསྟན་འདུག

     ཝུའུ་མིང་ཞི་ཡིས། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ད་དུང་གཅིག་གྱུར་གྱི་ཚད་གཞི་ཞིག་མེད་མོད། འོན་ཀྱང་ཨ་རིས་ལམ་བུ་དེའི་ཐོག་སྨྱོ་མཆོང་རྒྱག་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་AIདང་འབྲེལ་བ་ཡོད་པའི་མཚོན་ཆ་བེད་སྤྱོད་ཐད་ཚད་གཞི་དང་སྒྲིག་སྲོལ་བཟོ་རྒྱུ་དང་། ལྷག་པར་དུ་ཇི་ལྟར་བྱས་ནས་ཉེས་མེད་མང་ཚོགས་ཤི་རྨས་མི་ཡོང་བར་བྱ་རྒྱུའི་ཐད་AIལ་ཚོད་འཛིན་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

中央广播电视总台 央广网 版权所有

ཨ་རིས་AIདམག་འཐབ་གནམ་གྲུ་ཐོག་མར་ཕྱིར་བསྟན་པ།