ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཆབ་མདོར་མཆོད་རྟེན་རྐུ་སྔོག་བྱེད་མཁན་ཞིག་བཟུང་འདུག

2024-04-03 11:30:00     责编:娜科

 

ཉེ་ཆར། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་གྱོད་གཞི་ཁ་ཤས་ཤིག་རྩད་ཆོད་འདུག

ཟླ་3ཚེས་19ཉིན་གྱི་ཆུ་ཚོད་10པའི་ཡས་མས་སུ། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་མངག་གཏོང་ཁང་ལ་མང་ཚོགས་ཀྱིས་སྙན་སེང་ཞུས་པ་སྟེ། ཟླ་3ཚེས་18ཉིན་གྱི་དགོང་མོ་ནས་ཚེས་19ཉིན་གྱི་ཆུ་ཚོད་10པའི་བར། གྲོང་ཚོ་དེའི་མཆོད་རྟེན་གཉིས་ཀྱི་ནང་རྐུ་སྔོག་ཤོར་འདུག་པས། བརྟག་དཔྱད་གནང་རོགས་ཞེས་ཞུས་ཡོད། དེ་རྗེས་མངག་གཏོང་ཁང་གི་ཉེན་རྟོག་པ་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་ནས་བཅར་འདྲི་དང་བརྟག་དཔྱད་བྱས་ཡོད། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱི་སྙན་སེང་འབྱོར་རྗེས། འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེས་དོན་མྱུལ་ཞིབ་བྱེད་མཁན་མི་དམངས་ཉེན་རྟོག་པ་ས་གནས་ས་ཐོག་ཏུ་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་གཞོགས་འདེགས་བྱེད་པར་མངགས་ཡོད།

བརྟག་དཔྱད་བྱས་པ་བརྒྱུད། འབྲུག་ལྗང་དང་། ལུང་བཟང་། ཀང་གེ་བཅས་གྲོང་ཚོ་གསུམ་དུ་དུས་མཉམ་དུ་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་གནས་ཚུལ་ཐོན་ཡོད་པ་ཤེས་རྟོགས་བྱུང་བ་སྟེ། ས་ཡུལ་དངོས་སུ་ཁྱོན་མཆོད་རྟེན་7བསྔོགས་ཡོད་པ་དང་། གཞན་མཆོད་རྟེན་2ལ་བསྔོགས་ཤུལ་ཡོད་པ་རེད།    

གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་གྱོད་གཞིར་དབྱེ་ཞིབ་བྱས་པ་བརྒྱུད། སྲིད་འཛིན་གྲོང་ཚོ་གསུམ་གྱི་རྐུ་སྔོག་གྱོད་གཞི་དེ་ཚོགས་པ་གཅིག་གིས་བཟོས་པའི་དོགས་པ་ཆེན་པོ་ཡོད་པའི་ངོས་འཛིན་བྱས་ཡོད་པ་དང་། གྱོད་གཞི་གསུམ་པོར་མཉམ་དུ་མྱུལ་ཞིབ་བྱས་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་རྒྱ་ཁྱབ་ངང་བཅར་འདྲི་དང་གྲལ་བཤེར་བྱས་པ་བརྒྱུད། མཐར་དོགས་ཡོད་རླངས་འཁོར་གཅིག་དང་ཉེས་གསོག་དོགས་ཅན་གཅིག་གཏན་འཁེལ་བྱས་པ་མ་ཟད། ཟླ་3ཚེས་27ཉིན་གྱི་ཆུ་ཚོད་23ཙམ་ལ་རི་བོ་ཆེ་རྫོང་གྲོང་གི་ཇ་ཁང་ཞིག་ནས་ཉེས་གསོག་དོགས་ཅན་ཐར་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།

 

 

འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཐར་ཆེ་གེ་མོས་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་ཡོད། མི་དམངས་ཉེན་རྟོག་པས་རྐུ་ཤོར་བའི་སྐུ་བརྙན་གསུམ་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཡོད་པའི་དཀར་ཡོལ་གཉིས། དངུལ་ཤན་ཤིང་ཕོར་གཅིག མཆོད་ཀོང་གཅིག མཆོད་ཏིང་གཅིག གཡུ་གཅིག མཆོད་ཆས་ཀྱི་ཁེབས་གཅོད་གཅིག་བཅས་འདེད་ལེན་ཐུབ་ཡོད་པ་དང་། གྱོད་འབྲེལ་རླངས་འཁོར་གཅིག་བཙན་ཉར་བྱས་ཡོད། མིག་སྔར་ཉེས་གསོག་དོགས་ཅན་ཐར་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་དེ་མྱུལ་ཞིབ་བྱེད་མུས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།

中央广播电视总台 央广网 版权所有

▶ཆབ་མདོར་མཆོད་རྟེན་རྐུ་སྔོག་བྱེད་མཁན་ཞིག་བཟུང་འདུག