ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ག་ལེ་ཕེབས། ལྷ་སའི་མི་ཤུགས་འཁོར་གསུམ་རྐང་འཁོར།

2023-12-02 10:35:00     责编:娜科

ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་མི་ཤུགས་འཁོར་གསུམ་རྐང་འཁོར་དོ་དམ་པུའུ་རུ་གསར་འགོད་པས་ཁ་ལོ་བ་ཀྲའོ་ཞིང་ཀུའེ་ཡིས་གྲོན་དངུལ་ཕྱིར་སློག་གི་འགྲོ་ལུགས་གཉེར་གྱིན་པ་མཐོང་ཡོད། སྤྱི་ལོ་1998ལོར་ཁོང་ཀན་སུའུ་ནས་ལྷ་སར་ཡོང་སྟེ་ད་བར་མི་ཤུགས་འཁོར་གསུམ་རྐང་འཁོར་བཏང་བ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ལས་ཀ་དེ་ལོ་26རྒྱུན་བསྐྱངས་ཡོད།

སྤྱི་ཟླ་12ཚེས་1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་སུ་མི་ཤུགས་འཁོར་གསུམ་རྐང་འཁོར་ཕྱོགས་ཡོངས་ནས་གཏོང་མཚམས་འཇོག་རྒྱུའི་གནས་ཚུལ་གོ་ཐོས་བྱུང་རྗེས། ཀྲའོ་ཞིང་ཀུའེ་ཡིས་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་ཞུ་རྒྱུ་ཡིན། ལས་ཀ་དེ་མཚམས་འཇོག་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བཤད་ཡོད། གཏའ་དངུལ་དང་དོ་དམ་གྲོན་དངུལ་ཕྱིར་སློག་བྱས་རྗེས། ཁོང་ནས་མི་ཤུགས་འཁོར་གསུམ་རྐང་འཁོར་འབྲེལ་ཡོད་ཚན་པར་རྩིས་སྤྲོད་བྱ་རྒྱུ་རེད།

 

 

བློས་གཏོང་མི་ཕོད་ཀྱང་རྒྱབ་སྐྱོར་མཐའ་ཅིག་ཏུ་བྱས།

འདས་ཟིན་པའི་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་། ང་ཚོས་འགྲུལ་སྐྱེལ་ས་ཚིགས་དང་། ཚོང་ཁྲོམ། སྨན་ཁང་སོགས་མི་འདུ་འཛོམས་ཆེ་ས་ནས་འཁོར་གསུམ་ལ་ཞུགས་སམ་ཞེས་པའི་སྐད་སྒྲ་ཡང་ཡང་ཐོས་མྱོང་ཡོད། འོན་ཀྱང་། དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་དབང་གིས་མི་རྣམས་ཀྱི་ཕྱིར་སྐྱོད་བདམ་ག་ཡང་མང་དུ་སོང་བས་མི་ཤུགས་འཁོར་གསུམ་རྐང་འཁོར་ཡང་རིམ་གྱིས་ལོ་རྒྱུས་གར་སྟེགས་ལས་མི་འབབ་ཀ་མེད་བྱུང་ཡོད།

དགུང་ལོ་73ལ་སླེབས་པའི་ཚེ་རིང་ཆོས་འཕེལ་ནི་ཐལ་སྤུངས་སྒང་སྡེ་ཁུལ་ནས་ཡིན་པ་དང་། ཁོང་གིས་མི་ཤུགས་འཁོར་གསུམ་རྐང་འཁོར་བཏང་ནས་ད་བར་མི་ལོ་35ཏག་ཏག་སོང་ཡོད། ཁོང་གིས། ངའི་བུ་གཞུང་ཞབས་པ་ཞིག་ཡིན། ནང་ལ་ང་དང་བཟའ་ཟླ་མ་གཏོགས་མེད། འཁོར་གསུམ་རྐང་འཁོར་གཏོང་བ་དེ་ནི་གཅིག་ནས་འཚོ་བའི་གྲོན་དངུལ་ཏོག་ཙམ་གསོག་ཆེད་དང་གཉིས་ནས་ལུས་པོར་སྦྱོང་བརྡར་ཡོང་ཆེད་ཡིན། ཕལ་ཆེར་ང་ནི་ལྷ་སའི་ཁྲོམ་གཞུང་དུ་འཁོར་གསུམ་རྐང་འཁོར་གཏོང་མཁན་ཁྲོད་ནས་ལོ་རྒན་ཤོས་ཡིན་གྱི་རེད། ད་ངལ་གསོ་བརྒྱབ་ནས་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་གྱི་ཡིན་ཞེས་གསུངས།

 

  

གྲོང་མི་མང་ཆེ་བས་རྒྱབ་སྐྱོར་བྱེད་ཀྱང་བློ་ཕམ་ནི་ཡོད་སྲིད། 

གྲོང་མི་དབྱངས་ཅན་གྱིས། སྤྱི་ཟླ་11ཚེས་29ཉིན་གྱི་སྔ་དྲོ། ཁོང་ནས་ཕྲུ་གུ་སློབ་གྲྭར་སྐྱེལ་བར་འགྲོ་སྐབས། ལྷ་སའི་ཁྲོམ་གཞུང་དུ་མི་ཤུགས་འཁོར་གསུམ་རྐང་འཁོར་མཐོང་རྒྱུ་མེད་པ་ཤེས་ཚོར་བྱུང་ཡོད། ཁོང་གིས། རྒྱུན་དུ་མི་ཤུགས་འཁོར་གསུམ་རྐང་འཁོར་གང་བྱུང་དུ་འཇོག་པ་དང་། ལམ་ལྡོག་ནས་འགྲོ་བ། གློག་དམར་མ་སྒུག་པར་འགྲོ་བ་སོགས་ཀྱི་གནས་ཚུལ་ཡོད་པས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་བཟོ་གི་འདུག ང་རང་ནས་མི་ཤུགས་འཁོར་གསུམ་རྐང་འཁོར་མེད་པ་བཟོ་རྒྱུར་མོས་མཐུན་ཡོད་ཅེས་གསུངས། 

བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་། གྲོང་མི་དང་ཡུལ་སྐོར་བ་མང་པོས། མི་ཤུགས་འཁོར་གསུམ་རྐང་འཁོར་གཏོང་མཁན་ཁ་ཤས་ལ་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་མ་ཞུ་བ་དང་། གླ་རིན་གང་བྱུང་དུ་ལེན་པའི་གནད་དོན་འདུག ད་དུང་བདེ་འཇགས་ཀྱི་ཉེན་ཁ་ཡང་ཆེན་པོ་འདུག་ལ། འགྲིམ་འགྲུལ་སྒྲིག་ལམ་ལའང་ཤུགས་རྐྱེན་ངན་པ་བཟོ་གི་འདུག་པས། ལས་གཉེར་མཚམས་འཇོག་བྱས་པར་མོས་མཐུན་ཡོད་ཅེས་བསྟན་ཡོད།

 

   

མི་ཤུགས་འཁོར་གསུམ་རྐང་འཁོར་ལས་གཉེར་བྱེད་མཚམས་བཞག་པའི་ཐད། གྲོང་མི་ཁ་ཤས་ཀྱིས། མི་ཤུགས་འཁོར་གསུམ་རྐང་འཁོར་ནི་དུས་རབས་20ལོ་རབས་90ནང་མང་ཚོགས་ཕྱིར་སྐྱོད་བྱེད་པའི་འགྲིམ་འགྲུལ་ཡོ་ཆས་གལ་ཆེན་ཞིག་རེད་ལ། ལྷ་སའི་མང་ཚོགས་ཀྱི་འགྲུལ་བཞུད་དང་ལྷ་སར་ཡོང་མཁན་ཡུལ་སྐོར་བའི་འགྲུལ་བཞུད་སྟབས་བདེ་ཡོང་ཕྱིར་ལེགས་སྐྱེས་ངེས་ཅན་ཕུལ་ཡོད། མི་ཤུགས་འཁོར་གསུམ་རྐང་འཁོར་ལས་ལྷ་སའི་གྲོང་མི་གྲངས་ལས་འདས་པར་མཛེས་སྡུག་ལྡན་པའི་དྲན་འཆར་ཞིག་བཞག་ཡོད། དེ་ལྟར་ལས་གཉེར་མཚམས་འཇོག་བྱས་ན་བློ་ཕམ་སྐྱེ་དགོས་པ་ཞིག་རེད་ཅེས་བསྟན་ཡོད། 

 

མི་ཤུགས་འཁོར་གསུམ་རྐང་འཁོར་ལོ་རྒྱུས་ཀྱི་གར་སྟེགས་ལས་འབབ་པ་དེ་ནི་འཕེལ་ཕྱོགས་ཤིག་རེད།

སྤྱི་ལོ་1991ལོའི་ཟླ་བ་5ཚེས་1ཉིན། ལྷ་སའི་ཁུལ་གྱི་མི་ཤུགས་འགྲུལ་སྐྱེལ་འཁོར་གསུམ་རྐང་འཁོར་དོ་དམ་ཞབས་ཞུ་ཀུང་སི་དངོས་སུ་བཙུགས་པ་དང་། སྤྱི་ལོ་2000ལོར་ཀུང་སིས་ལྗོངས་ཕྱི་ནས་མི་ཤུགས་འཁོར་གསུམ་རྐང་འཁོར་600ལྷག་ཉོ་སྒྲུབ་བྱས་ཡོད། ཕྱིས་སུ། ལྷ་སའི་མི་ཤུགས་འགྲུལ་སྐྱེལ་འཁོར་གསུམ་རྐང་འཁོར་དོ་དམ་ཞབས་ཞུ་ཀུང་སིའི་མིང་ཡང་ལྷ་ས་གྲོང་ཁྱེར་གྲོང་དཀྱིལ་ཁྲོམ་གཟིགས་སྒང་འཁོར་གསུམ་རྐང་འཁོར་དོ་དམ་པུའུ་རུ་མིང་བསྒྱུར་བྱས་ཡོད།

 

   

དབང་ཕྱུག་གིས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བྱུང་བ་དང་བསྟུན་ནས། དྲ་ཐོག་མངགས་འབོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར། མཉམ་སྤྱོད་རྐང་འཁོར། སྒེར་འཁོར་སོགས་འགྲིམ་འགྲུལ་ཡོ་ཆས་མང་དུ་སོང་བས། མི་ཤུགས་འཁོར་གསུམ་རྐང་འཁོར་ལ་སྡོད་མཁན་ཡང་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་ལ། མི་ཤུགས་འཁོར་གསུམ་རྐང་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཡང་ཉུང་དུ་འགྲོ་བཞིན་ཡོད། དེ་བས་ཁོང་ཚོའི་ཡོང་འབབ་ཀྱང་སྔོན་མ་དང་བསྡུར་ཐབས་གཏན་ནས་མེད། ལྷ་སའི་འབྲེལ་ཡོད་ཚན་པས་མི་ཤུགས་འཁོར་གསུམ་རྐང་འཁོར་ལས་གཉེར་བྱེད་མཚམས་འཇོག་རྒྱུའི་བརྡ་ཐོ་བཏང་བ་དེ་ནི་ཁྲོམ་རའི་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་རེད་ལ། སྤྱི་ཚོགས་གོང་འཕེལ་གྱི་ལྡོག་མེད་ཀྱི་མཇུག་འབྲས་ཤིག་ཀྱང་རེད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། ལྷག་པ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ག་ལེ་ཕེབས། ལྷ་སའི་མི་ཤུགས་འཁོར་གསུམ་རྐང་འཁོར།