ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེཊ་སྐབས་དང་པོ་འཚོཊ་པ།

2023-11-30 10:44:00     责编:桑吉卓玛

བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེཊ་སྐབས་དང་པོ་འཚོཊ་པ།


       2023ལོའི་ཟླ་11ཚེས་28ཉིན། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེགས་སྐབས་དང་པོ་དང་བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། གླེང་སྟེགས་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ནན་ཁའེ་སློབ་ཆེན། ལན་ཀྲོའུ་སློབ་ཆེན། སི་ཁྲོན་སློབ་ཆེན། བོད་ལྗོངས་སློབ་ཆེན། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་། བོད་ལྗོངས་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་། “བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་ཞིབ་འཇུག”ཅེས་པའི་ཞིབ་འཇུག་ཚོགས་ཆུང་གི་ཁོངས་མི་60ཙམ་བཅས་ཀྱིས“བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་ཞིབ་འཇུག”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་ཡོད།

       ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན། ཞིབ་འཇུག་པ་དགྲ་འདུལ་ལགས་ཀྱིས་གཙོ་འགན་བཞེས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གཙོ་འགན་འཁུར་བའི་“བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་ཞིབ་འཇུག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགོ་ཚུགས་མཛད་སྒོ་དང་། ཚོགས་ཆེན་གྱི་སྙན་ཞུ། གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོ་བཅས་ཁག་གསུམ་ལས་གྲུབ་ཡོད་པ་རེད།

       ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་ལགས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ལོ་རྒྱུས་ལ་མཐོང་ཆེན་དང་། ལོ་རྒྱུས་ལ་ཞིབ་འཇུག ལོ་རྒྱུས་དཔྱད་གཞིར་འཛིན་པ་བཅས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་རིང་གི་ཤེས་དཔལ་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་། གྲུབ་སྟངས། འཕེལ་རྒྱས། ཁྱད་ཆོས། རྣམ་པ་དང་གསར་གཏོད་སོགས་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ཐོག འབྲེལ་ཡོད་གནད་དོན་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་བས། ང་ཚོས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལམ་བུ་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་མཛད་ཡོད། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། གནའ་བོའི་མིའི་རིགས་ཀྱིས་ས་མཐོར་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་བོད་ཡིག་དངོས་སུ་གསར་བཟོ་བྱས་པའི་བར། ས་མཐོའི་མེས་པོ་ཚོས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་ཚོགས་མཉམ་འདྲེས་བྱས་པ་དང་། འཚོ་བཞེས་བྱ་ཡུལ་ཁྱིམ་གཞིས་བཏོད་པ། འོད་སྟོང་འཕྲོ་བའི་ཤེས་དཔལ་བཏོད་པ་བཅས་ཀྱིས། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་གྲུབ་པ་དང་། འཕེལ་རྒྱས་ཕྱིན་པ། དེ་བཞིན་གནའ་བོའི་ཀྲུང་གོའི་མངའ་ཁོངས་གསར་འབྱེད་བཅས་ཀྱི་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་གནང་བ་རེད།

       བགྲོ་གླེང་ཚོགས་འདུའི་ཐོག ཚོགས་ཞུགས་མཁས་དབང་ཚོས་བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་ཞིབ་འཇུག་ཁྲོད་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞི་སྟེ། དཔེར་ན། བོད་ལྗོངས་ས་མཐོའི་གནའ་བོའི་ཁོར་ཡུག་དང་གནའ་བོའི་མིའི་རིགས་ཀྱི་གནས་སྤོ་དང་། མཚོ་བོད་ས་མཐོའི་གནའ་རྫས་རྟོག་ཞིབ་གསར་རྙེད། བོད་ལྗོངས་ས་གནས་ཀྱི་གནའ་རབས་ཚོ་པའི་དབར་གྱི་འབྲེལ་འདྲིས་དང་སྤེལ་རེས། གནའ་རབས་བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་ནང་དོན་ལ་དམིགས་ཏེ། ཕྱོགས་མང་པོའི་ཐད་ནས་སྤེལ་རེས་དང་བགྲོ་གླེང་གནང་ཡོད།

       ཚོགས་ཞུགས་རིགས་གཅིག་མཁས་པ་དང་མཁས་དབང་གིས་བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཞིབ་འཇུག་སྙན་ཞུ་ཁག་20སྤེལ་བ་དང་། དེ་དག་ཁྲོད་རིགས་པའི་གཞུང་ལུགས་ཐད་གྲོས་བསྡུར་བྱས་པ་ཡོད་ལ། དཔེ་མཚོན་གྱི་གནའ་རྫས་རྟོག་ཞིབ་བྱས་འབྲས་དང་། ཚད་ལྡན་ཡིག་ཆ་འཚོལ་རྙེད་ཐུབ་པ་ཡང་ཡོད་པས་གྲུབ་འབྲས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། སྐབས་འདིའི་གླེང་སྟེགས་གཉེར་བ་དེས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུར་ཕན་ཐོགས་ཡོད་ལ། རིག་གཞུང་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལ་དོ་ཁུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཕན་འདོགས་ཀྱང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
གསར་འགོད་པ། འབྲུག་འཚོ་སྐྱིད། རིན་ཆེན་དབང་འདུས། 

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེཊ་སྐབས་དང་པོ་འཚོཊ་པ།

2023ལོའི་ཟླ་11ཚེས་28ཉིན། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེགས་སྐབས་དང་པོ་དང་བོད་ལྗོངས་གནའ་རབས་ཀྱི་ཤེས་རིག་ལོ་རྒྱུས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།