ཟི་ལིང་གྲོང་ཁྱེར་གྱི་དེ་སྔའི་གྲོང་སྤྱི་གཉིས་དབྱུང་བཏང་འདུག
ཟི་ལིང་གྲོང་ཁྱེར་གྱི་དེ་སྔའི་གྲོང་སྤྱི་གཉིས་དབྱུང་བཏང་འདུག
མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྐབས་བཅུ་བཞི་པའི་མཚོ་སྔོན་ཞིང་ཨུད་ཀྱི་ཨུ་ཡོན། ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཁུང་ལིང་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་ཡོད་གནད་དོན་ཐད་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་ཡོད་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། ཁུང་ལིང་ཏུང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་ཡིན་པའི་ངོས་ནས་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་མེད་པ། མ་རུང་ཁོག་བཅུག་གིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་བ། སྒྲིག་འགལ་ངང་སྒེར་གཉེར་ཁེ་ལས་བདག་པོའི་གསོལ་སྟོན་དང་ལེན་བྱས་པ་དང་། དུས་ཡུན་རིང་པོའི་ནང་ལུགས་མཐུན་དྲང་བདེན་ངང་གཞུང་དོན་སྒྲུབ་རྒྱུར་ཤུགས་རྐྱེན་ཐེབ་སྲིད་པའི་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་བྱང་བུ་བཅས་བླངས་པ། སྒྲིག་འགལ་ངང་ལས་བྱེད་པ་འདེམས་བསྐོ་བྱས་པ་དང་། རྒྱུ་དངུལ་དང་འཆལ་སྤྱོད་བརྗེ་འཚོང་བརྒྱབ་པ། འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པའི་ཁར། དོན་དངོས་དང་ཁ་བྲལ་ནས་བཙན་ཤེད་ཀྱིས་དཔལ་འབྱོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ། བསྡོམས་རྩིས་གྲངས་གཞི་རྫུན་བཟོ་བྱས་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད། སྒྲིག་སྲོལ་དང་འགལ་ནས་ཚོང་རའི་དཔལ་འབྱོར་གྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་པ་དང་། སྤྱི་པའི་དབང་ཆ་དེ་སྒེར་ཕན་ཧམ་གཉེར་བྱེད་པའི་ལག་ཆར་བརྩིས་པ། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་ལ་ལས་གྲྭ་སྒྲུབ་འགན་ལེན་པ་དང་ཁེ་ལས་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཐད་རོགས་རམ་བྱས་ནས་ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་ཡོད།
ཁུང་ལིང་ཏུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་བཅས་དང་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་དུ་གྱུར་ཡོད་པ་མ་ཟད་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་མཚམས་དང་ཚོད་མི་བྱེད་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཀྲུང་གུང་མཚོ་སྔོན་ཞིང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་རྗེས། ཀྲུང་གུང་ཀྲུང་དབྱང་ནས་ཆོག་མཆན་ཞུས་པ་བརྒྱུད། ཁུང་ལིང་ཏུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཁོ་རང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ། ཁོ་རང་གི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་དང་། ཀྲུང་གུང་ཟི་ལིང་གྲོང་ཁྱེར་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ། ཁོ་རང་གི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོ་རང་གི་ཉེས་བསགས་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་དག་ཀྱང་མཉམ་དུ་རྩིས་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་གཅོད་བྱས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། ཚེ་རྡོར།