ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང......

2023-09-18 10:26:00     责编:桑吉卓玛

བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང......

       ཉེ་དུས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་དམིགས་བསལ་ཁྱད་ཆོས་ལ་དམ་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད།

 

 

       ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྲིད་གྲོས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཚན་པའི་རིགས་གཅིག་མཁས་པ་དང་ཤེས་ལྡན་པ་50ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་པ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

       ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཙུང་རུང་གིས་ཤིས་ཚིག་སྒྲོན་སྐབས། ད་ཐེངས་ཞིབ་བསྡུར་ཚོགས་འདུ་འཚོགས་པ་དེ་ནི་བོད་རིག་པའི་ཁྱབ་ཁོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད་ཅེས་དང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་ཐད་ཀྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མ་ཁེ་སི་རིང་ལུགས་ཀྱི་བླ་སྲོག་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་སྲོག་རྩ་བརྟན་སྲུང་བྱེད་པ། དུས་ཐོག་ཏུ་དུས་རབས་གསར་པའི་བརྗོད་གཞི་གསར་པར་ཚན་རིག་དང་མཐུན་པའི་འགྲེལ་བརྗོད་བྱེད་པ། འདུ་ཤེས་གསར་པ་དང་ལྟ་བ་གསར་པ། བྱ་ཐབས་གསར་པ་ཟམ་མི་ཆད་པར་འདོན་པ་བཅས་བྱས་ནས་བོད་ལྗོངས་དང་དེ་མིན་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཐད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

 

 

       ཚོགས་ཞུགས་རིགས་གཅིག་མཁས་པ་དང་ཤེས་ལྡན་པ་ཚོས་བརྗོད་དོན་གཙོ་བོར་གཞིགས་ནས། རིག་གནས་ཀྱི་གོང་འཕེལ་ལོ་རྒྱུས་དང་དེ་བྱུང་རིག་དངོས། རྒྱུད་འཛིན་ཐབས་ལམ་སོགས་ལྟ་སྟངས་མི་འདྲ་བའི་ཐོག་ནས་ཇི་ལྟར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུད་འཛིན་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དེ་བཞིན་ཇི་ལྟར་བྱས་ནས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་གྲོས་བསྡུར་ཚ་ཚ་འུར་འུར་གནང་ཡོད། ཚང་མས་དོན་དངོས་ཀྱི་གྲངས་གཞིའི་གསལ་འགྲེལ་དང་། གསོན་ཉམས་དོད་པའི་དངོས་དཔེའི་ཐོག་ནས་དབྱེ་ཞིབ་དང་ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད། དོ་ཁུར་ཆེ་བའི་གནད་དོན་ལ་གྲོས་བསྡུར་བཅས་གནང་སྟེ་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་བོད་རིག་པའི་ཞིབ་འཇུག་བྱ་གཞག་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་རིག་གཞུང་གི་དཔྱད་གཞི་མཁོ་འདོན་གནང་ཡོད། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། 

 

 

       བོད་རིགས་དང་མི་རིགས་གཞན་དག་ཁག་གིས་མཉམ་དུ་ཀྲུང་ཧྭའི་ཤེས་དཔལ་བཏོད་ཡོད་ལ། ཀྲུང་གོའི་ཤེས་དཔལ་གྱི་དམིགས་བསལ་ཁྱད་ཆོས་ཀྱང་བཏོད་ཡོད།

       ཚོགས་འདུའི་ཐོག བོད་ཀྱི་རིག་གནས་ལ་ངོས་འཛིན་ཡང་དག་དང་སྤྱི་ཡོངས་ཁོང་དུ་ཆུད་པ་བྱེད་པའི་ཐད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པ། དགེ་རྒན་ཆེན་མོ་བ་དོན་གྲུབ་དབང་འབུམ་ལགས་ཀྱིས༼བོད་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བའི་ཐབས་ཤེས་གསུམ༽ཞེས་པའི་བརྗོད་གཙོའི་གཏམ་བཤད་གནང་བ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཀྲང་ཡུན་གྱིས༼བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་གོང་འཕེལ༽ཞེས་པར་རང་ཉིད་ཀྱི་བསམ་འཆར་བཏོན་ཡོད་པ་རེད། 

       ཐེངས་འདིའི་ཞིབ་བསྡུར་ཚོགས་འདུ་མ་གཞི་དུས་ཚོད་ཐུང་རུང་། ནང་དོན་ཕུན་སུམ་ཚོགས་པ་དང་། ཞིབ་བསྡུར་བྱེད་རྒྱ་ཆེ་བས་ལེགས་འགྲུབ་ལྡན་པ་ཞིག་བྱུང་ཡོད། ཚོགས་ཞུགས་རིགས་གཅིག་མཁས་པ་དང་ཤེས་ལྡན་པས་ཞིབ་བསྡུར་སྤེལ་རེས་བྱས་པ་བརྒྱུད་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱར་རྒྱུས་མངའ་གཏིང་ཟབ་བྱུང་བ་དང་། ཐུན་མོང་ངོས་འཛིན་མང་པོ་གཅིག་སྡུད་ཐུབ་པས། སླད་ཕྱིན་མུ་མཐུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་དམིགས་བསལ་ཁྱད་ཆོས་ཆེན་པོ་ལྔ་ཁོང་དུ་ཆུད་པ་དང་། རིག་གཞུང་གསར་གཏོད་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་མང་ཙམ་ཐོན་པ་བཅས་བྱས་ཏེ་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འཛུགས་སྐྱོང་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐྱིད་པོ། ཚེ་ཕུན།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང......

ཉེ་དུས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་དམིགས་བསལ་ཁྱད་ཆོས་ལ་དམ་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབ