▶ཨ་རིའི་རྒྱལ་སྲུང་པུས་ཡུག་རེན་ལ་དམག་དོན་བལྟ་འདོམས་པ་མངཊ་པ།
ཡུག་རེན་གྱི་ཉེན་ཁ་ཇེ་ཆེར་སོང་བ་ནས་བཟུང་། ཨ་རིས་ཡུག་རེན་ལ་དམག་འཁྲུག་མཚོན་ཆ་འབོར་ཆེན་སྐྱེལ་འདྲེན་བྱས་ཡོད། འོན་ཀྱང་ལྟ་སྐུལ་དོ་དམ་བྱེད་ཤུགས་མ་འདང་བའི་དབང་གིས་མཚོན་ཆ་འབོར་ཆེན་ནག་ཚོགས་ཀྱི་ལག་ཏུ་ཤོར་བ་རེད། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་སྲུང་པུས་ཡུག་རེན་ལ་མི་སྣ་སྔར་བས་མང་བ་མངགས་ཏེ། ཨ་རིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱས་པའི་དངོས་ཟོག་ལ་ལྟ་སྐུལ་དོ་དམ་བྱེད་རྩིས་ཡོད་ཅེས་བརྗོད་འདུག
ཨ་རིའི་རྒྱལ་སྲུང་པུས་བསྟན་པར། ཨ་རིའི་མཐོ་རིམ་འཐུས་ཚབ་པ་ཞིག་གིས་སྤྱི་ཟླ་8པའི་ཟླ་མཇུག་ནས་བཟུང་། ཡུག་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་ལས་དོན་སྒྲུབ་འགོ་བརྩམས་ཡོད། དེ་ནི་ཨ་རིའི་རྒྱལ་སྲུང་པུས་ཡུག་རེན་གྱི་ཉེན་ཁ་ཇེ་ཆེར་སོང་བ་ནས་བཟུང་ཡུག་རེན་དུ་ཨ་རིའི་མི་སྣ་མངགས་ནས་བཅའ་སྡོད་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། སྔོན་དཔག་བྱས་ན་སྤྱི་ཟླ་9པའི་ཟླ་མཇུག་ཏུ་ད་དུང་འབྲེལ་ཡོད་མི་སྣ་སྔར་བས་མང་བ་མངག་རྒྱུ་རེད་ཅེས་བརྗོད།
ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཉེན་ཁ་ཇེ་ཆེར་གྱུར་བ་ནས་བཟུང་། ཨ་རིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱེད་ཚད་ཨ་སྒོར་དུང་ཕྱུར་430ལས་བརྒལ་ཡོད། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གི་མཐོ་རིམ་བློ་འདྲི་བ་ཟུར་པ་མའེ་ཀེ་ལེ་ཀེས་ཉེ་ཆར་སྨྱན་སྦྱོར་བར་ཨ་རིས་ཡུག་རེན་ལ་མཁོ་འདོན་བྱས་པའི་དམག་དོན་སྒྲིག་ཆས་འབོར་ཆེན་ཞིག་ནག་ཚོགས་ཀྱི་ལག་ཏུ་ཤོར་ཡོད་པ་འདྲ་ཞེས་བཤད། ཡུག་རེན་དཔལ་འབྱོར་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་མེ་ལི་ཉི་ཁེས་ཀྱང་། ནུབ་ཕྱོགས་ཀྱིས་ཡུག་རེན་ལ་མཁོ་འདོན་བྱས་པའི་མཚོན་ཆ་ལོག་ཚོང་རྒྱག་པའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཞེས་ཁས་བླངས་པ་རེད།
དོན་དེའི་ཐད་ཨ་རིའི་རྒྱལ་ནང་དུ་དོགས་གཞི་མང་པོ་བྱུང་བཞིན་ཡོད་ལ། ཏང་གཉིས་བར་གྱི་འགལ་བའང་སྔར་བས་མངོན་གསལ་དོད་དུ་གྱུར། སྤྱི་མཐུན་ཏང་གི་གྲོས་མི་མང་པོས་སྲིད་གཞུང་གི་ཟད་གྲོན་འབོར་ཆེན་བཏང་ནས་ཡུག་རེན་ལ་རྒྱབ་སྐྱོར་བྱས་པའི་ཐད་དོགས་གཞི་བཏོན་པ་མ་ཟད་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། སྙན་དབྱངས།