ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཁོང་གིས་ལག་ཟུང་ལ་བརྟེན་ནས་གར་སྟེགས་སྟེང་དུ་བསྐྱོད་ཡོད།

2023-05-29 18:36:00     责编:卓玛才让

     ཉེ་ཆར། ཧྲན་ཏུང་ལིང་དབྱི་ཡི་རྐང་པ་གཉིས་ཀ་མེད་པའི་སྐྱེས་པ་ཞིག་གིས་མཐོ་སློབ་ཅིག་ཏུ་གཏམ་བཤད་བྱེད་སྐབས། གཟབ་ནན་གྱིས་གྱོན་གོས་ལེགས་སྒྲིག་བྱས་ནས་འཆད་སྟེགས་སུ་བུད་ཤིང་། མགོ་བོ་མཐོ་མཐོ་དང་འཛུམ་མདངས་དམུལ་དམུལ་བྱས་པས། ཁོང་གི་ཡིད་ཆེས་ཀྱི་རྣམ་འགྱུར་གྱིས་མི་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག

     ཁོང་གི་མིང་ལ་ཁྲིན་ཀྲུའུ་ཟེར། གློ་བུར་དུ་རྐང་པ་གཉིས་ཀ་ཤོར་རྗེས། ཁོང་གིས་ལག་པ་གཉིས་ཀྱི་འོག་ཏུ་ཡོད་པའི་ཤིང་སྒམ་ལ་བརྟེན་ནས་ཡར་ལངས། ཁོང་གིས་སློང་མོ་བྱས་ཤིང་འཁྱམ་སྐྱོད་ཀྱི་གླུ་བ་བྱེད་མྱོང་ཡོད་པ་མ་ཟད་ལྷུན་པོ་ལྔའི་རི་རྩེར་ཡང་འཛེགས་མྱོང་། ཁོང་གིས་ལག་པས་རྐང་པའི་ཚབ་བྱས་ཏེ་སྤྱིར་བཏང་མིན་པའི་མི་ཚེའི་ལམ་བུ་ཞིག་བཏོད།

     སྤྱི་ལོ་1983ལོར་ཁྲེན་ཀྲོའུ་ནི་ལིན་དབྱིའི་ལན་ལིང་རྫོང་དུ་སྐྱེས། ཁོང་ལོ་དྲུག་ལ་སོན་སྐབས་ཕ་མ་གཉིས་ཁ་བྲལ་ནས་ལོ་བརྒྱད་ལ་སླེབས་སྐབས་འཁྱམ་སྐྱོད་བྱས། ལོ་13ལ་སླེབས་སྐབས་མེ་འཁོར་ནས་ཐང་ལ་ལྷུང་སྟེ་རྐང་པ་གཉིས་ཀ་གཏན་དུ་ཤོར། ལོ་18ལ་སླེབས་སྐབས་ཁོང་གིས་གླུ་གཞས་གཏོང་ཤེས་པ་དང་། ཤིང་གི་སྒམ་ཆུང་གིས་རྐང་པའི་ཚབ་བྱས་ནས་གང་སར་སློང་མོར་སོང་ཞིང་གླུ་གཞས་བཙོངས།

     ཁྲོམ་གཞུང་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པར་གྲུབ་འབྲས་ཐོབ་པས། ཁྲེན་ཀྲོའུ་ཡིས། ཐལ་མོའི་རྡེབ་སྒྲ་ནི་ཚོན་མདངས་རྣམ་པར་བཀྲ་བའི་དར་སྐུད་དང་འདྲ་བར་སྲང་ལམ་འགྲམ་གྱི་ལམ་སྒྲོན་དང་མཉམ་དུ་འདྲེས་ནས་རྣམ་པར་བཀྲ་བའི་འོད་མདངས་ལྟར་ང་རང་བསྐོར་ནས་སེམས་ཤུགས་དང་དགའ་སྤྲོ་མཉམ་དུ་འཕེལ་བར་བྱས་སོང་ཞེས་བརྗོད།

     གཞས་བཏང་ནས་ལོ་10ཕྱིན་པ་དང་། ཁྲེན་ཀྲོའུ་དང་ལས་རོགས་ཚོས་སྒྲིག་བཟོ་བྱས་པའི་འཁོར་གསུམ་རྐང་འཁོར་བཞོན་ནས་ཞིང་ཆེན་20ལྷག་ཙམ་དང་། གྲོང་ཁྱེར་700ལྷག་ཙམ་ལ་སོང་སྟེ། ཁྲོམ་གཞུང་དུ་གླུ་ལེན་ཆེད་ཚོགས་ཐེངས་3000ལྷག་ཙམ་འཚོགས་མྱོང་བ་མ་ཟད། རང་ཉིད་ལ་དབང་པའི་བརྩེ་དུང་ལ་ཡང་འཕྲད་པ་རེད།

     ཁྱིམ་གཞིས་བཟུང་རྗེས་ཁྲེན་ཀྲོའུ་ཡི་སེམས་ཁམས་སྔར་བས་ལེགས་སུ་ཕྱིན་ཞིང་འཚོ་བ་ཡང་སྔར་ལས་བཟང་རུ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་བྱས། 2007ལོར། ཁྲེན་ཀྲོའུ་ཡིས་གྲོགས་པོས་སྐུལ་བཅོལ་ལྟར་གཏམ་བཤད་ཐེངས་གཅིག་བྱས་ཤིང་། ཁོང་གིས་ཐེངས་དང་པོར་མི་ཚེ་འདིར་གླུ་ལེན་པ་ལས་གཞན་ད་དུང་དོན་སྙིང་ལྡན་པའི་བྱ་བ་མང་པོ་བསྒྲུབ་ཐུབ་པ་རྟོགས།

     དེའི་རྗེས་སུ། ཁྲིན་ཀྲོའུ་ཡིས་རིམ་གྱིས“འཁྱམ་སྐྱོད་གླུ་བའི”འགྲུལ་བཞུད་མཚམས་བཞག་སྟེ། ཁོང་གིས་རང་ཉིད་ཀྱི་ལོ་རྒྱུས་ནང་དོན་བྱས་ཏེ་གཏམ་བཤད་བྱས་ནས་མི་དེ་བས་མང་པོར་སྐུལ་མ་བྱས། 2013ལོར་ཁོང་གཏམ་བཤད་རིགས་ཀྱི་བརྙན་འཕྲིན་ལེ་ཚན་དུ་ཞུགས་ཤིང་། འཁྱམ་སྐྱོད་གླུ་བ་དང་རྐང་པ་མེད་པའི་དཔའ་བོ་ཞེས་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་པ་དང་། དེ་ནས་བཟུང་གཏམ་བཤད་མཁན་ཁྲིན་ཀྲོའུ་རུ་གྱུར་པ་རེད།

     གཏམ་བཤད་ཕུད། རི་འཛེག་ཀྱང་ཁྲེན་ཀྲོའུ་ཡི་སེམས་ནང་འཁོར་ནས་ཡོད་པའི་བསམ་བློ་ཞིག་རེད། ཁྲེན་ཀྲོའུ་ཡིས་ལོ་16ཡིན་སྐབས་རི་བོ་ཐའེ་ཧྲན་ལ་མ་འཛེགས་གོང་ཁོང་གིས“ནམ་ཞིག་ལྷུན་པོའི་རྩེ་རུ་སླེབས་ཙ་ན། ། རི་བོའི་ཚོགས་རྣམས་བལྟ་བྱའི་ཡུལ་དུ་ཆུང་། །”ཞེས་པའི་ཚོར་སྣང་རྩ་བ་ནས་ཤེས་ཀྱི་མེད་ཅེས་དང་། ཆུ་ཚོད་12རིང་རི་རྩེར་འཛེགས་ཐུབ་པ་བྱུང་རྗེས་ཁོང་གིས་རང་ཉིད་ཀྱིས་དབང་པོ་སྐྱོན་ཅན་དང་འཁྱམ་པོའི་ཐོབ་ཐང་བརྗེད་དེ་ཐེངས་དང་པོར་གཟུགས་པོ་ཐང་བའི་མི་དང་འདྲ་བར་འབད་བརྩོན་ཆེན་པོས་རིན་ཐང་ལྡན་པའི་བྱ་བ་ཞིག་བསྒྲུབས་པ་ཡིན་ཞེས་བཤད།

     དུས་དེ་ནས་བཟུང་ལྷུན་པོ་ལྔ་ལ་འཛེགས་པ་ནི་ཁྲེན་ཀྲོའུ་ཡི་མི་ཚེའི་དམིགས་ཚད་དང་ཕུགས་འདུན་གསར་པ་ཞིག་ཏུ་གྱུར་ཡོད། 2012ལོར། ཁོང་ནི་ལག་ཟུང་ལ་བརྟེན་ནས་ལྷུན་པོ་ལྔ་ལ་འཛེགས་པའི་མི་དང་པོར་གྱུར། ལོ་དེའི་མཛའ་གྲོགས་དུས་ཆེན་ལ་ཁོང་གིས་ད་དུང་ཆུང་མར་ཐའེ་ཧྲན་རི་བོའི་གཉེན་རྟགས་ཤིག་གནང་བ་རེད། ད་ལྟའི་བར་དུ། ཁྲེན་ཀྲོའུ་ཐེངས་100ལྷག་ལ་རྒྱལ་ནང་གི་རི་རྩེར་འཛེགས་ཡོད་པ་དང་། ཁོང་ད་དུང་རི་བོ་མང་བོར་འཛེག་ངེས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བཀྲ་ཤིས་བཟང་པོ།

སྒྲིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

ཁོང་གིས་ལག་ཟུང་ལ་བརྟེན་ནས་གར་སྟེགས་སྟེང་དུ་བསྐྱོད་ཡོད།