ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ས་གནས་མང་པོའི་ཉེན་རྟོག་པས་ཁྱིམ་བདག་ལ་དྲན་སྐུལ་འདི་འདྲ་བྱས་འདུག

2023-05-25 16:30:00     责编:桑吉卓玛

​ས་གནས་མང་པོའི་ཉེན་རྟོག་པས་ཁྱིམ་བདག་ལ་དྲན་སྐུལ་འདི་འདྲ་བྱས་འདུག

 

       བྱི་ལ་དང་ཤོག་བྱ། ཕ་ཝང་། མཚོ་སྐྱར་ལ་སོགས་མཚོན་རྟགས་བྱས་པའི་གསང་སྡོམ་བརྡ་འཕྲིན་མཉེན་ཆས་ཁག་ཅིག་ཡང་དང་བསྐྱར་དུ་ས་གནས་ཁག་གི་ཉེན་རྟོག་པས་ཡོངས་བསྒྲགས་བྱས་པའི་བརྡ་ཐོའི་ནང་ཐོན་ཡོད་པ་དང་། ས་གནས་ཁག་གི་ཁྱིམ་བདག་ཚོས་ཕྲུ་གུའི་ཁ་པར་ནང་མཉེན་ཆས་འདི་རིགས་ཕབ་ལེན་བྱས་ཡོད་མེད་བལྟ་དགོས་པའི་བླང་བྱ་བཏོན་འདུག་སྟེ། མཉེན་ཆས་འདི་དག་གིས་ཉེས་ཅན་པས་ཉེས་པ་བསགས་པའི་དཔང་རྟགས་རྩ་མེད་གཏོང་བར་སྟབས་བདེ་བསྐྲུན་པ་བརྗོད་ཡོད།
 

       དཔེར་ན་ནན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་སུ་སྤྱི་ཟླ་5ཚེས་16ཉིན་གནས་ཚུལ་སྤེལ་ཏེ་གསང་སྡོམ་འཕྲིན་གཏོང་མཉེན་ཆས་ཀྱི་གསང་སྲུང་གི་ནུས་པ་ཆེ་བ་དང་། ཁྱད་པར་ཏུ་ཀློག་རྗེས་དུས་ཐོག་ཏུ་བསུབ་པའི་ནུས་པ་ལྡན་པ་དེས་ཉེས་ཅན་པར་ཉེས་གསོག་དཔང་རྟགས་མེད་པར་བཟོ་རྒྱུར་སྟབས་བདེ་བསྐྲུན་ཡོད་པས་གསང་སྡོམ་འཕྲིན་གཏོང་མཉེན་ཆས་འདི་དག་ལ་དོ་དམ་བྱེད་ཁག་པ་བརྗོད་ཡོད།

       ནན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས། ད་ཆ་ཉེས་ཅན་པས་ཞབས་ཞུའི་འཕྲུལ་ཆས་རྒྱལ་ནང་ནས་ཕྱི་རྒྱལ་ལ་སྤོ་བ་དང་། བརྡ་འཕྲིན་ཡོ་བྱད་དེ་ཀུན་གྱིས་སྤྱོད་པའི་མཉེན་ཆས་ནས་ཕྱི་རྒྱལ་གྱི་གསང་སྡོམ་འཕྲིན་གཏོང་མཉེན་ཆས་སམ་རྒྱལ་ནང་གི་སྤྱོད་མཁན་ཉུང་བའི་མཉེན་ཆས་སུ་བརྗེས་ནས་ཉེས་གསོག་སྒྲིག་ཆས་དེ་སྲོལ་རྒྱུན་གྱི་སྦྲེལ་ཚུགས་རྫུས་མ་ནས་མའོ་ཁྲི་དང་། GOIP  ཏའོ་ཁྰ་པའོ། VoIPསོགས་བདེ་སྤྱོད་བྱེད་པར་འགྱུར་བཏང་ཡོད། སྒྲིག་ཆས་གསར་པ་དང་བར་སྟོང་གསར་པ་སྤྱད་པའི་གློག་འཕྲིན་མགོ་སྐོར་གཏོང་སྟངས་འདི་རིགས་ཀྱི་ལག་རྩལ་ཆུ་ཚད་མཐོ་བས་གྱོད་གཞི་རྩད་གཅོད་དེ་བས་བྱེད་ཁག་ཏུ་ཕྱིན་ཡོད་ཅེས་བརྗོད།

       ནན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ནར་མ་སོན་པའི་མི་སྣར་བདེན་མིན་དབྱེ་འབྱེད་ཀྱི་ཉམས་མྱོང་དབེན་པས་ཉེས་ཅན་པས་གསང་སྡོམ་འཕྲིན་གཏོང་མཉེན་ཆས་ཐོག་ནས་ཁ་མཁས་ཚིག་འཇམ་གྱི་ཐོག་ནས་ནར་མ་སོན་པའི་མི་སྣར་མགོ་སྐོར་བཏང་སྟེ་སྒེར་གྱི་ཆ་འཕྲིན་སོགས་འདོན་སྤྲོད་བྱེད་དུ་བཅུག་ནས་དེ་ཉིད་ཁྲིམས་འགལ་ཉེས་གསོག་གི་ངན་རོགས་ལ་གྱུར་བ་དང་། ཐ་ན་ཆ་འཕྲིན་འདོན་སྤྲོད་ཀྱི་ཉེས་པ་ཡང་གསོག་སྲིད་ཅེས་དྲན་སྐུལ་བྱས་འདུག

       གོང་བརྗོད་དང་འདྲ་བར་ཧྥུ་ཅན་ཧྥུའུ་ཀྲུའུ་དང་ཀན་སུའུ་ལན་ཀྲུའུ། ཀོང་ཞི། ཧྲན་ཞི་སོགས་ས་ཁུལ་གྱི་ཉེན་རྟོག་པས་རིགས་མཐུན་གྱི་བརྡ་ཐོ་བཀྲམས་ནས་ཁྱིམ་བདག་ཚོར་ཕྲུ་གུའི་ཁ་པར་ལ་ཞིབ་བཤེར་བྱས་ཏེ་གལ་སྲིད་གོང་གི་མཉེན་ཆས་དེ་འདྲ་ཡོད་པ་ཤེས་ན་དུས་ཐོག་ཏུ་བསུབ་དགོས་པའི་བླང་བྱ་བཏོན་འདུག

       གསར་འགོད་པར་དོ་སྣང་བྱུང་བར། ས་ཁུལ་མི་འདྲ་བའི་བརྡ་ཐོའི་ནང་གི་མཉེན་ཆས་ཀྱི་མིང་ཐོའང་མི་འདྲ་ཙམ་ཡོད།

       གཞན་ས་ཁུལ་ལ་ལས་བརྡ་ཐོ་བཀྲམས་ནས་གལ་སྲིད་ཕྲུ་གུས་གོང་གི་མཉེན་ཆས་དེ་འདྲ་ཕབ་ལེན་བྱས་ཡོད་པ་ཤེས་ན་ཚད་མཐོའི་མཐོང་ཆེན་བྱས་ནས་དེའི་གནོད་འཚེ་ཤོད་དགོས་པ་མ་ཟད། ཕྲུ་གུ་ཐག་ཉེ་སའི་སྤྱི་བདེ་ལས་ཁུངས་སུ་འཁྲིད་ནས་ཕྲུ་གུས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་ཡོད་མེད་གསལ་པོ་ཤེས་རྟོགས་བྱེད་དགོས་ཞེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་།

中央广播电视总台 央广网 版权所有

ས་གནས་མང་པོའི་ཉེན་རྟོག་པས་ཁྱིམ་བདག་ལ་དྲན་སྐུལ་འདི་འདྲ་བྱས་འདུག

བྱི་ལ་དང་ཤོག་བྱ། ཕ་ཝང་། མཚོ་སྐྱར་ལ་སོགས་མཚོན་རྟགས་བྱས་པའི་གསང་སྡོམ་བརྡ་འཕྲིན་མཉེན་ཆས་ཁག་ཅིག་ཡང་དང་བསྐྱར་དུ་ས་གནས་ཁག་གི་ཉེན་རྟོག་པས་ཡོངས་བསྒྲགས་བྱས་པའི་བརྡ་ཐོའི་ནང་ཐོན་ཡོད་པ་དང་།