ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཝང་ཉིང་གིས་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་བ།

2023-05-25 16:29:00     责编:桑吉卓玛

ཝང་ཉིང་གིས་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་བ།

 

       སྤྱི་ཟླ་5པའི་ཚེས་22ཉིན་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་ཁུན་མིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་འདུག 

       ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ཁའེ་དང་ཞིང་ཆེན་གྱི་འགོ་འཛིན་དབྱང་ཉིང་། ཆིའུ་ཅང་། ཙུང་ཀུའོ་དབྱིན། ནཱ་ཡུན་ཏེ་བཅས་མཇལ་འཕྲད་ནང་ཞུགས་ཡོད།
 

 

ཟླ་བ་5པའི་ཚེས་22ཉིན། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་ཁུན་མིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་
དང་མཇལ་འཕྲད་གནང་བ།

 

       ཝང་ཉིང་གིས་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེ་ཆིབས་བསྒྱུར་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་དང་། ཡུན་ནན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མི་རིགས་ཆོས་ལུགས། བོད་འབྲེལ་ས་ཁུལ་དང་རྫོང་ཁག་གི་གནས་ཚུལ་ངོ་སྤྲོད་ཞུས་འདུག ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག ཡུན་ནན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་དང་ལྷན་དུ་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ། ཞིང་ཆེན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་གོང་འཕེལ་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་ཡིན་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔར། ཞིང་ཆེན་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་གནང་བར་ཕེབས་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སྒང་ཡིན་ལ། “3815”ཞེས་པའི་འཐབ་ཇུས་གོང་འཕེལ་དམིགས་འབེན་གཏན་འཁེལ་བྱས་ཏེ་སྤུས་ཚད་མཐོ་བ་དང་མཆོངས་བརྒལ་རྣམ་པའི་གོང་འཕེལ་ལ་མུ་མཐུད་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། པཎ་ཆེན་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་པ་དང་ལོ་མང་རིང་ཐོས་བསམ་ཉམས་ལེན་ཧུར་ཐག་གནང་བས། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཡོད་ཅིང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུའི་ཐད་ནུས་པ་ཡག་པོ་བཏོན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག སྐུ་ཉིད་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གྱིས། དད་ལྡན་མང་ཚོགས་ནས་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱ་རྒྱུའི་ཐད་ཁྲིད་སྟོན་དེ་བས་ཡག་པ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་འདུག

       པཎ་ཆེན་རིན་པོ་ཆེས། ད་ཐེངས་ནི་ང་རང་ཡུན་ནན་དུ་རྟོག་ཞིབ་སློབ་སྦྱོང་ལ་བཅར་ཐེངས་གསུམ་པ་དེ་ཡིན། ཡུན་ནན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དངོས་སུ་མྱོང་བརྒྱུད་ཐུབ་བྱུང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་མངོན་གསལ་དོད་པོ་ཡང་ཉམས་སུ་མྱོང་ཐུབ་བྱུང་ཞེས་དང་། པཎ་ཆེན་རིན་པོ་ཆེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་བ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས། མེས་རྒྱལ་གྱི་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་བཅས་ལ་སྲུང་སྐྱོང་བྱེད་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན། ཡུན་ནན་གྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་མི་རིགས་ཁག་གི་མི་དམངས་རྣམས་ཞི་མཐུན་བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། བདེ་གཡང་།

中央广播电视总台 央广网 版权所有

ཝང་ཉིང་གིས་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་བ།

སྤྱི་ཟླ་5པའི་ཚེས་22ཉིན་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་ཁུན་མིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་འདུག