གཏམ་བཟང་། མགྲིན་གཅིག་ཏུ་ཀྲུང་གོར་འཛུགས་རྒྱུའི་གྲོས་འཆམ་བྱུང་བ།
གཏམ་བཟང་། མགྲིན་གཅིག་ཏུ་ཀྲུང་གོར་འཛུགས་རྒྱུའི་གྲོས་འཆམ་བྱུང་བ།
ཕ་རི་སིར་འཚོག་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་སྐབས་216པའི་ཚོགས་འདུའི་ཐོག་གྲོས་བསྡུར་གང་ལེགས་བྱས་པ་བརྒྱུད་ཕ་རི་སིའི་དུས་ཚོད་སྤྱི་ཟླ་5པའི་ཚེས་22ཉིན་ཀྲུང་གོའི་ཧྲང་ཧའེ་རུ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་STEM(ཚན་རིག་དང་། ལག་རྩལ། འདུ་འགོད། བཟོ་སྐྲུན། རྩིས་རིག)ཡི་སློབ་གསོའི་རིགས་དང་པོའི་སྒྲིག་གཞི་འཛུགས་རྒྱུའི་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཡོད།
ཚོགས་འདུའི་ཀྲུའུ་ཞིས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད། ལག་བསྟར་ཅུས་ཁག་གི་ཨུ་ཡོན་རྒྱལ་ཁབ་ཀྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་ཀྲུང་གོས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱས་པ་དང་ཐུགས་རྗེ་ཆེ་ཞུས་ཤིང་། རིགས་དང་པོའི་སྒྲིག་གཞི་དེས་ STEMསློབ་གསོའི་ཁྱབ་ཁོངས་སུ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པར་ཤུགས་སྣོན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་དང་སྒྲིག་གཞི་དེས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགན་ནུས་དོན་འཁྱོལ་དང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུར་ཡིད་ཆེས་ཡོད་ལུགས་སྟོན་ཡོད།
ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྲུང་གོ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཅེ་ཡིས་ཀྲུང་གོའི་སྐུ་ཚབ་ཞུས་ནས་ཨུ་ཡོན་རྒྱལ་ཁབ་དང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ལ་བླ་ན་མེད་པའི་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོས་ཁས་ལེན་བྱས་པ་ལག་བསྟར་ནན་ཏན་བྱས་ཏེ་དྲུང་ཡིག་ཁྲུའུ་ཡིས་ད་ཐེངས་ཀྱི་ཚོགས་འདུའི་གྲོས་ཆོད་དོན་འཁྱོལ་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རིགས་དང་པོའི་སྒྲིག་གཞི་ནི་རྩ་འཛུགས་དེའི་གྲུབ་ཆ་ཞིག་ཡིན་པ་དང་། དེ་ནི་བསམ་བློའི་ཚོད་ལྟ་ཁང་དང་། ཚད་གཞི་བཟོ་མཁན། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་མཁན། ཆ་འཕྲིན་སྤེལ་རེས་ལྟེ་གནས། ནུས་པ་འཛུགས་སྐྱོང་བྱེད་མཁན་བཅས་ཡིན་པའི་ངོས་ནས་དེའི་འགན་ནུས་ཁྱབ་ཁོངས་སུ་ནུས་པ་འདོན་སྤེལ་བྱེད་ཆོག་གི་ཡོད་པ་རེད།
སྒྲིག་སྲོལ་གཞིར་བཟུང་། ཀྲུང་གོར་རིགས་དང་པོའི་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་སྐབས་འདིའི་ལག་བསྟར་ཅུས་ཀྱི་གྲོས་ཆོད་དེ་ད་ལོའི་སྤྱི་ཟླ་11པར་འཚོག་རྒྱུ་ཡིན་པའི་རྩ་འཛུགས་དེའི་ཚོགས་ཆེན་སྐབས་42ཐོག་མཇུག་མཐའི་ཆོག་མཆན་སྤྲོད་རྒྱུར་ཕུལ་རྒྱུ་ཡིན་པ་དང་། སྐབས་དེ་དུས་སྒྲིག་གཞི་དེ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོར་བཙུགས་པའི་རིགས་དང་པོའི་སྒྲིག་གཞི་ཐོག་མ་དེར་འགྱུར་རྒྱུ་མ་ཟད། རྩ་འཛུགས་དེའི་ཡོ་རོབ་ཕུད་པའི་ས་ཆར་བཙུགས་པའི་འཛམ་གླིང་རང་བཞིན་གྱི་རིགས་དང་པོའི་སྒྲིག་གཞི་ཐོག་མ་དེར་ཡང་འགྱུར་རྒྱུ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར། སྒྲོལ་མ་མཚོ།