ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཁོང་གིས་སྐར་ཆ་13ནང་བུ་མོ་ཆུང་ཆུང་གི་ཉེན་ཁ་སེལ།

2023-01-22 16:47:00     责编:桑吉卓玛

ཁོང་གིས་སྐར་ཆ་13ནང་བུ་མོ་ཆུང་ཆུང་གི་ཉེན་ཁ་སེལ།

       ཧྲན་ཏུང་ཙི་པོའི་མེ་འཁོར་འབབ་ཚིགས་ཀྱི་འབབ་ཚིགས་སྟེགས་བུའི་ཐོག་འགྲུལ་སྐྱེལ་བ་ཀྲང་ཧྭ་ཡིས་སྨི་50ལྷག་ལ་བརྒྱུགས་རྗེས་དབུགས་འཚང་ཞིང་སྐྲག་སྣང་མ་ཡལ་བར་ཁ་ནས་འཇིགས་སུ་རུང་བ་ལ་ཨང་། འཇིགས་སུ་རུང་བ་ལ་ཨང་ཞེས་ཡང་ཡང་བཟློ་བཞིན་ཡོད།

 

 

 

       ཟླ་1ཚེས་14ཉིན་ཧང་ཀྲོའུ་འབབ་ཚིགས་ཤར་མ་ནས་ཆིང་ཏའོ་རུ་བསྐྱོད་པའི་མེ་འཁོར་ཐེངས་ G283ཙི་པོ་འབབ་ཚིགས་སུ་སྐར་མ་2བསྡད་པ་དང་། མེ་འཁོར་སྒོ་རྒྱག་པའི་སྐད་ཅིག་མ་དེར་ལོ་4ཡིན་པའི་བུ་མོ་ཆུང་ཆུང་ཞིག་གློ་བུར་དུ་འཁོར་སྒམ་13པ་ནས་ཕྱི་རུ་རྒྱུག་ཕྱིན་པ་རེད། བུ་མོ་ཆུང་ཆུང་མེ་འཁོར་གྱི་ཕྱི་ལ་ཐོན་རྗེས་མེ་འཁོར་མུ་མཐུད་དུ་མདུན་སྐྱོད་བྱེད་པ་མཐོང་སྟེ་མཆོངས་ལྡིང་བྱེད་བཞིན་མེ་འཁོར་རྗེས་སུ་ཨ་མ་འཚོལ་བར་རྒྱུག

       སྐབས་དེར་གལ་ཏེ་བུ་མོ་ཆུང་ཆུང་དེ་མེ་འཁོར་ལ་རྡུང་བའམ་དེ་ལྟར་མེ་འཁོར་གྱི་རྗེས་འབྲངས་ནས་རྒྱུག་ཚེ་འབབ་ཚིགས་སྟེགས་བུ་ལས་ལྷུང་ཉེན་ཡོད་པ་དང་། མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྲིད།

 

 

       ཆུ་ཚོད་19དང་སྐར་མ་44སྐར་ཆ་03ཐོག་ཉེ་འཁོར་དུ་ཡོད་པའི་འགྲུལ་སྐྱེལ་པ་ཀྲང་ཧྭ་ཡིས་སྣང་ཚུལ་དེ་མཐོང་རྗེས། བསམ་བློ་གཏོང་ཁོམ་མེད་པར་ཁོང་གིས་“ཕྲུ་གུ་གནས་དེར་མ་འགུལ་བར་སྡོད་”ཅེས་སྐད་ཆེན་པོས་འབོད་ཞོར་དུ་ནུས་ཤུགས་ཡོད་རྒུས་བུ་མོ་དེའི་ཕྱོགས་སུ་རྒྱུག 

       ལོ་52ཡིན་པའི་ཀྲང་ཧྭ་ཡིས་བོངས་ཆེ་བའི་བྱ་སྒྲོའི་ལས་གོས་གྱོན་ཡོད་ཅིང་། རྒྱུག་པའི་ཚེ་དཀའ་ཚེགས་ཅུང་ཟད་ཡོད། མགོ་ཡི་ཞྭ་མོ་ཡང་གེགས་རྐྱེན་ཞིག་ཏུ་མཐོང་། ཡིན་ནའང་ཁོང་གིས་གོམ་མཚམས་སྤུ་ཙམ་ཡང་མ་ལྷོད་པར་ཞྭ་མོ་མགོ་ནས་གཡུག་ཅིང་ནུས་ཤུགས་ཡོད་རྒུས་མདུན་ལ་རྒྱུག 

       ཆུ་ཚོད་19དང་སྐར་མ་44སྐར་ཆ་16ཐོག་ཁོང་གིས་གཞི་ནས་བུ་མོ་ཆུང་ཆུང་དེའི་རྗེས་ཟིན་ཞིང་ལམ་སེང་བུ་མོ་དེ་ལ་འཐམས། ཁོང་གིས། ངས་ནུས་ཤུགས་ཡོད་རྒུ་བཏོན་ནས་བརྒྱུགས་པ་ཡིན། སྐར་ཆ་གཅིག་ཀྱང་ནར་འགྱངས་བྱེད་མི་ཕོད། སྐབས་དེར་མེ་འཁོར་བསྐྱོད་འགོ་ཚུགས་ཟིན་པས། གནས་ཚུལ་ཤིན་ཏུ་ཉེན་ཁ་ཆེ་ཞེས་ཟེར།
 

 

       ཀྲང་ཧྭ་ཡིས། མེ་འཁོར་བསྡད་ཡོད་པའི་སྐབས་སུའང་འགྲུལ་པ་འབབ་ཚིགས་སྟེགས་བུའི་བདེ་འཇགས་ཐིག་སེར་གྱི་རྒྱབ་ཏུ་ལངས་དགོས། མེ་འཁོར་བསྐྱོད་འགོ་ཚུགས་རྗེས་དེ་བས་ཀྱང་སྨྲས་མ་དགོས། གལ་ཏེ་སྐར་ཆ་གཅིག་གཉིས་ཙམ་འགོར་འགྱངས་བྱུང་ཚེ་མཇུག་འབྲས་བློ་ཡིས་དཔག་དཀའ་བ་ཞིག་རེད་ཅེས་བཤད། བུ་མོ་ཆུང་ཆུང་དེ་བདེ་འཇགས་ཡིན་པ་གཏན་ཁེལ་རྗེས་ཀྲང་ཧྭ་དང་འགྲུལ་སྐྱེལ་ལས་རེས་པས་མཉམ་དུ་མེ་འཁོར་ཐེངས་ G283པའི་འགོ་གཙོར་འབྲེལ་གཏུགས་བྱས་པ་མ་ཟད་དུས་ཐོག་ཏུ་བུ་མོའི་ཨ་མ་བཙལ་ཏེ་བུ་མོ་བདེ་འཇགས་ཡིན་པའི་སྐད་ཆ་བཤད་པ་རེད།
 

 

       བུ་མོ་ཆུང་ཆུང་དེའི་ཨ་མས་ཁོང་ཚོ་ནི་ཧང་ཀྲོའུ་ནས་ཧྲན་ཏུང་ཆིང་ཀྲོའུ་རུ་ལོ་གསར་གཏོང་དུ་འགྲོ་མཁན་ཡིན་པ་དང་། མེ་འཁོར་ཙི་པོ་འབབ་ཚིགས་སུ་སྡོད་སྐབས་ཁོང་མོས་རྡོག་ཁྲེས་བསྡུ་གསོག་རྒྱག་བཞིན་ཡོད་པས་བུ་མོ་མེ་འཁོར་ཕྱི་རུ་ཐོན་པར་དོ་སྣང་མ་བྱུང་ཞེས་བཤད། འབྲེལ་གཏུགས་བྱས་པ་བརྒྱུད་བྲེལ་འཚབ་ལངས་པའི་བུ་མོའི་ཨ་མ་དང་ཁྱིམ་མིས་རླངས་འཁོར་བཏང་ནས་ཙི་པོ་འབབ་ཚུགས་སུ་བུ་མོ་ལེན་པར་སླེབས་པ་དང་། འབབ་ཚིགས་ཀྱི་ལས་དོན་མི་སྣས་རོགས་རམ་གནང་བར་བཀའ་དྲིན་ཡང་ཡང་ཞུས་ཡོད།
 

 

       ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་ཐེངས་ཤིག་དང་ཤུགས་དང་ལྡན་པའི་འཐམ་འཁྱུད་བྱེད་ཐེངས་ཤིག་ནི་བརྩེ་བའི་རང་མདངས་ཡིན་ཞིང་། དུས་ཚོད་ལས་རྒྱལ་ཏེ་བདེ་འཇགས་སྲུང་སྐྱོང་བྱས་ཡོད། ཁྱེད་ཀྱི་དྲོད་འཁོལ་ང་ཚོས་རྟོགས་སོ། །     

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། ཀླུ་འབུམ།

中央广播电视总台 央广网 版权所有

ཁོང་གིས་སྐར་ཆ་13ནང་བུ་མོ་ཆུང་ཆུང་གི་ཉེན་ཁ་སེལ།

ཧྲན་ཏུང་ཙི་པོའི་མེ་འཁོར་འབབ་ཚིགས་ཀྱི་འབབ་ཚིགས་སྟེགས་བུའི་ཐོག་འགྲུལ་སྐྱེལ་བ་ཀྲང་ཧྭ་ཡིས་སྨི་50ལྷག་ལ་བརྒྱུགས་རྗེས་དབུགས་འཚང་ཞིང་སྐྲག་སྣང་མ་ཡལ་བར་ཁ་ནས་འཇིགས་སུ་རུང