ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

པའེ་ཏེང་གིས་ཕུའུ་ཅིང་དང་གྲོས་མོལ་བྱེད་འདོད་ཡོད་ཀྱང་སྔོན་ལ་་་

2022-12-04 21:17:00     责编:娜科

པའེ་ཏེང་གིས་ཕུའུ་ཅིང་དང་གྲོས་མོལ་བྱེད་འདོད་ཡོད་ཀྱང་སྔོན་ལ་བྱང་ཆིངས་སྒྲིག་འཛུགས་ཀྱི་མནའ་གྲོགས་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད་པ།  

 

     《ནེའུ་ཡོག་སྐབས་དོན་ཚགས་པར》ཐོག་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་12པའི་ཚེས་1ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་པའེ་ཏེང་ལ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུག་འཕྲད་བྱེད་པའི་འདུན་པ་ཡོད་མོད། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ཕུའུ་ཅིང་གིས་ངེས་པར་དུ་ཡུག་རེན་གྱི་ཉམས་ཉེན་མཇུག་བསྒྲིལ་རྒྱུའི་འདུན་པ་མཚོན་པར་བྱེད་དགོས་ཞེས་བརྗོད་ཡོད།   

      གནས་ཚུལ་སྤེལ་བར་གཞིགས་ན། འཚམས་འདྲིར་ཕེབས་པའི་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་འཛོམས་གནང་རྗེས། པའེ་ཏེང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག གལ་སྲིད་ཁོང་(ཕུའུ་ཅིང་)ལ་གླེང་མོལ་བྱེད་འདོད་ཡོད་ཚེ་ངས་གྲ་སྒྲིག་ཡག་པོ་བྱས་ཡོད། ཁོང་གིས་གང་བྱེད་འདོད་ཡོད་མེད་ལ་བལྟ་རྒྱུ་ཡིན་ཞེས་བརྗོད་ཡོད།   

      པའེ་ཏེང་གིས་ཉེ་དུས་ཕུའུ་ཅིང་དང་འབྲེལ་བ་བྱེད་པའི་འཆར་གཞི་མེད་པ་དང་རང་ཉིད་ཀྱིས་བྱང་ཆིངས་མནའ་འབྲེལ་རྒྱལ་ཁབ་དང་གྲོས་མོལ་མ་བྱས་གོང་ཕུའུ་ཅིང་དང་ཐུག་འཕྲད་བྱེད་མི་སྲིད་ཅེས་བཤད་ཡོད།

     གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་པའེ་ཏེང་གིས་ཧྥ་རན་སི་དང་ཨ་རིར་ཁྱད་པར་ཕྲན་བུ་ཡོད་ཀྱང་རྩ་བའི་ཆ་ནས་མི་མཚུངས་པ་གཏན་ནས་ཡོད་མི་སྲིད་ཅེས་ཁས་བླངས་པ་མ་ཟད། ཨུ་རུ་སུར་ངོ་རྒོལ་དང་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་ཐད་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་བྱ་རྒྱུའི་ནན་བཤད་ཀྱང་བྱས་འདུག  

      མ་ཁེ་ལུང་གིས་ཧྥ་རན་སིས་ཡུག་རེན་ལ་དམག་དོན་གྱི་རྒྱབ་སྐྱོར་མང་དུ་གཏོང་རྒྱུ་ལས་ཡུག་རེན་ལ་འོས་མེད་འགྲིག་ཐབས་བྱ་རྒྱུའི་ཨུ་ཚུགས་གཏན་ནས་རྒྱག་སྲིད་ཅེས་བསྟན་ཡོད། 

        གཞན་ཡང་། ཡུག་རེན་གྱི་གནད་དོན་ནི་ཨ་རི་དང་ཧྥ་རན་སི་ཕྱོགས་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་ནང་གི་འབྲེལ་ཡོད་ས་ཁུལ་གྱི་བདེ་འཇགས་གནད་དོན་སྐོར་བཏོན་པའི་ནང་དོན་དང་པོ་དེ་ཡིན་ཞིང་། གསལ་བསྒྲགས་ནང་ཨ་རི་དང་ཧྥ་རན་སིས་ཡུག་རེན་གྱིས་དེའི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། ཐོན་ཁུངས་འབོར་ཆེན་མཁོ་འདོན་བྱས་ནས་ཡུག་རེན་གྱི་མང་ཚོགས་ལ་དགུན་དུས་སྒྲོལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ནང་ཡུག་རེན་གྱི་ནུས་རྒྱུའི་གློག་དྲར་མཁོ་བའི་མཁའ་ཟོན་མ་ལག་དང་སྒྲིག་ཆས་མགྱོགས་མྱུར་རྩིས་སྤྲོད་བྱ་རྒྱུ་ཚུད་ཡོད་པ་དང་། ཕྱོགས་གཉིས་པོས་ཡུག་རེན་ལ་མུ་མཐུད་ནོར་སྲིད་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་འཁོད་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

པའེ་ཏེང་གིས་ཕུའུ་ཅིང་དང་གྲོས་མོལ་བྱེད་འདོད་ཡོད་ཀྱང་སྔོན་ལ་་་