དགུ་ཚིགས་སྐར་རྒྱུད་ནང་གོ་ལ་གཞན་ཞིག་གསར་རྙེད་བྱུང་བ།
དགུ་ཚིགས་སྐར་རྒྱུད་ནང་གོ་ལ་གཞན་ཞིག་གསར་རྙེད་བྱུང་བ།
འཇིག་རྟེན་གྱི་ཁམས་ཆེན་པོ་ནི་གསང་བ་ལྐོག་གྱུར་ཞིག་ཡིན་པས་ན། མིའི་རིགས་ཀྱི་ཚན་རིག་འཚོལ་སྙེག་གི་གོམ་ཁ་ནམ་ཡང་མཚམས་འཇོག་གི་མེད། ཉེ་ལམ་ཀྲུང་ཕྱིའི་གནམ་དཔྱད་རིག་པའི་མཁས་པ་ཚོས་སྤྱི་ལེ་ངོས་གྲུའི་གྲམ་ཕྲེང་(SKA)ཟློས་ཕྱོད་དམའ་བའི་སྔོན་ཁྲིད་རྒྱང་ཤེལ་གྱིས་མཁའ་དབྱིངས་ལ་སྐོར་ལྟ་བྱས་པའི་གཞི་གྲངས་ལ་དབྱེ་ཞིབ་བྱེད་སྐབས། དགུ་ཚིགས་སྐར་རྒྱུད་ནང་རིམ་འདས་ཁབ་ལེན་ར་བ་ལྡན་པའི་སྐར་མའི་གོ་ལ་གསར་པ་ཞིག་ཐོག་མར་གསར་རྙེད་བྱུང་ཡོད་པ་དང་། དེ་ཉི་མའི་ཁྱིམ་རྒྱུད་དང་ཕལ་ཆེར་འོད་ལོ་4200ལྷག་ཡོད་པ་ཤེས་རྟོགས་བྱུང་བ་རེད།
ཚེས་27ཉིན། ཞིབ་འཇུག་གི་གྲུབ་འབྲས་དེ་རྒྱལ་སྤྱིའི་ཐོག་དབང་གྲགས་ལྡན་པའི་ཚན་རིག་དུས་དེབ་《རང་བྱུང་》(Nature)ཐོག་སྤེལ་བ་རེད།
སྤྱི་ལེ་ངོས་གྲུའི་གྲམ་ཕྲེང་(SKA)ནི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་བཅུ་ལྷག་ཙམ་གྱིས་མ་རྩ་མཉམ་འཇོག་གིས་བཟོས་པའི་འཛམ་གླིང་ཐོག་གི་ཕྱོགས་བསྡུས་ཁུང་ཚངས་གློག་རླབས་རྒྱང་ཤེལ་ཆེ་ཤོས་ཡིན་ཞིང་། བསྡུ་ལེན་གཞི་ཁྱོན་ལ་“སྤྱི་ལེ་ངོས་གྲུ་1ཙམ་”ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན། 2021ལོའི་ཟླ་7པར་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། SKAམ་བསྐྲུན་གོང་བེད་སྤྱོད་བྱེད་བཞིན་པའི་རྒྱང་ཤེལ་ཁ་ཤས་ཡོད་ཅིང་། དེ་ལས་ཟློས་ཕྱོད་དམའ་བའི་སྔོན་ཁྲིད་རྒྱང་ཤེལ་“མོ་ཆི་སེན་ཞེང་རའི་གྲམ་ཕྲེང་(Murchison Widefiled Array,MWA)”ནི་ཨོ་སི་ཁྲུ་ལི་ཡར་གནས་ཡོད།
ཀྲུང་གོའི་ཚན་རིག་ཁང་གི་ཧྲང་ཧའེ་གནམ་རིག་ལས་ཁུངས་ཀྱི་ཚན་རིག་ཞིབ་འཇུག་མི་སྣ་འབུམ་རམས་པ་ཀྲང་ཞང་དང་ཨོ་སི་ཁྲུ་ལི་ཡའི་མཉམ་ལས་པ། ཁོ་ཐིང་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་གློག་འཕྲིན་གནམ་རིག་ཞིབ་འཇུག་ལྟེ་གནས་(ICRAR-Curtin)ཀྱི་ཚན་ཞིབ་འབུམ་རམས་པ་Hurley-Walkerསོགས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ཞིབ་འཇུག་མི་སྣ་ཚོས་MWAཡིས་མཁའ་དབྱིངས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལ་དབྱེ་ཞིབ་བྱེད་སྐབས། དགུ་ཚིགས་སྐར་རྒྱུད་ནང་འཁོར་ཡུན་རང་བཞིན་གྱིས་འབྱེད་འཕྲོ་ཧ་ཅང་དལ་མོ་བྱེད་པའི་འཕྲོ་གློག་གློག་ཁུངས་རིམ་འདས་ཁབ་ལེན་ར་བ་ལྡན་པ་ཞིག་གསར་རྙེད་བྱུང་བ་རེད།
ཟླ་1ཚེས་27ཉིན། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་གནམ་རིག་ལས་ཁུངས་ཀྱི་ཚན་ཞིབ་མི་སྣ་ཀྲང་ཞང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གྲུབ་འབྲས་གསར་ཤོས་དེ་ངོ་སྤྲོད་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཅན་སུང་གིས་པར་བླངས།
ངོ་སྤྲོད་བྱས་པར་གཞིགས་ན། འཕྲོ་གློག་གློག་ཁུངས་དེ་ནི་2018ལོའི་ལོ་འགོར་ཐོན་པ་ཞིག་ཡིན་ཞིང་། དེའི་འབྱེད་འཕྲོའི་དུས་འཁོར་ནི་སྐར་མ་18ཙམ་ཡིན་པ་དེ་ཤེས་རྟོགས་བྱུང་ཟིན་པའི་རྩ་འཕར་བརྟན་སྐར་གྱི་འཁོར་ཡུན་གྱི་ལྡབ་9ཡིས་རིང་བ་ཡོད་པ་དང་། འབྱེད་འཕྲོ་འབྱུང་ཐེངས་རེར་སྐར་ཆ་30ནས་60བར་ཡིན། དེའི་ནང་དུས་ཐུང་གི་ཚད་གཞི་(<སྐར་ཆ།0.5)ཡང་ཚུད་ཡོད་པ་རེད། དུས་རྒྱུན་ཆུ་ཚོད་ལྟར་འགུལ་སྐྱོད་ཅུང་སྙོམས་པོ་བྱེད་པ་ཡིན། འབྱེད་འཕྲོ་འབྱུང་རིང་དེ་ནི་150MHzསྒྲ་སྣེའི་རྒྱུ་སྐར་གསལ་ཤོས་30ནང་ཚན་ཡིན།
ཤེས་རྟོགས་དེ་ནི་མིའི་རིགས་ཀྱིས་དགུ་ཚིགས་སྐར་རྒྱུད་ཁྱབ་ཁོངས་སུ་འབྱེད་འཕྲོའི་འོད་ཁུངས་རྙེད་ཐེངས་ཐོག་མ་ཡིན་ཞིང་། དེས་ཟློས་ཕྱོད་དམའ་བའི་འབྱེད་འཕྲོའི་འོད་ཁུངས་འཚོལ་བར་ལམ་ཁ་གསར་པ་ཞིག་བསྐྲུན་ཡོད། ཀྲང་ཤང་གིས་“གལ་ཏེ་མུ་མཐུད་དུ་དེ་དང་འདྲ་བའི་ཁྱད་ཆོས་ལྡན་པའི་འབྱེད་འཕྲོའི་འོད་ཁུངས་གསར་རྙེད་བྱུང་བ་མ་ཟད་དེའི་དངོས་ལུགས་ཀྱི་ངོ་བོ་ཡང་གསལ་སྟོན་བྱེད་ཐུབ་ན། དགུ་ཚིགས་སྐར་རྒྱུད་ནང་རིམ་འདས་ཁབ་ལེན་ར་བ་ལྡན་པའི་དུས་འཁོར་རིང་བའི་སྐར་གཟུགས་ཤིག་ཡོད་ངེས་པ་ཡིན་ལ། དེ་མིའི་རིགས་ཀྱིས་བརྟན་སྐར་གྱི་ཆག་འཇིག་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པར་ཕན་པ་ཡོད་” ཅེས་བཤད།
ཟླ་1ཚེས་27ཉིན། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་གནམ་རིག་ལས་ཁུངས་ཀྱི་SKAཞིབ་འཇུག་རུ་ཁག་ཚོད་འཛིན་ཁང་དུ་ཡོད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཅན་སུང་གིས་པར་བླངས།
རིམ་འདས་ཁབ་ལེན་ར་བ་ལྡན་པའི་གནམ་གཟུགས་གསར་རྙེད་བྱུང་རྐྱེན་སྐྱེན་ཚད་མཐོ་བའི་SKAཟློས་ཕྱོད་དམའ་བའི་སྔོན་ཁྲིད་རྒྱང་ཤེལ་དང་དེ་བཞིན་SKAགཞི་གྲངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བཟོས་པའི་SKAརྩིས་རྒྱག་ཚོགས་པ་བཙུགས་པ་དང་འབྲེལ་བ་དམ་ཟབ་ཡོད། ཀྲང་ཤང་གིས་རྣམ་གྲངས་དེའི་ཐོག་མའི་གཞི་གྲངས་ཀྱི་གྲངས་འབོར་ཧ་ཅང་ཆེ་བ་དང་། གཞི་གྲངས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་པའི་གཞི་གྲངས་དེ་བས་མང་། པར་རིས་ཡིག་ཆ་ཁྲི་1000ལས་བརྒལ་བ་དང་ཐག་གཅོད་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེ་བས་གཞི་གྲངས་ཐག་གཅོད་བྱེད་པའི་བླང་བྱ་ཧ་ཅང་མཐོ་པོ་ཡོད་ཅེས་བཤད།
རིམ་འདས་ཁབ་ལེན་ར་བ་ལྡན་པའི་སྐར་མའི་གོ་ལ་གསར་པ་འདི་རྙེད་པ་དང་བསྟུན་ནས། སྤྱི་ལེ་གྲུ་བཞི་མའི་གྲམ་ཕྲེང་ (SKA)དང་དེའི་སྔོན་ཁྲིད་རྒྱང་ཤེལ་གྱིས་མཚོན་པའི་དུས་རབས་གསར་པའི་གློག་རླབས་རྒྱང་ཤེལ་ལ་ལྟ་ཞིབ་ཚད་ལེན་གྱི་ནུས་པ་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པས། འབྱེད་འཕྲོའི་འོད་ཁུངས་ཀྱི་ཞིབ་འཇུག་གི་དུས་རབས་གསར་པ་བསུ་བཞིན་ཡོད། མིག་སྔར། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཚོགས་པས“མོ་ཆི་སེན་ཞེང་རའི་གྲམ་ཕྲེང་(MWA)”སྤྱད་དེ་བརྒྱུད་རིམ་རང་བཞིན་གྱི་བཙལ་འཚོལ་བྱེད་བཞིན་ཡོད། སྐར་གཟུགས་དེ་བས་མང་བ་ཤེས་རྟོགས་ཐུབ་པ་དང་འབྲེལ་མ་དཔེ་ཆེན་པོ་ཞིག་བཙུགས་ཤིང་བསྡོམས་རྩིས་ཞིབ་འཇུག་བྱས་ཏེ་སྐར་མ་ཁབ་ལེན་ཞིབ་འཇུག་གི་སྟོང་ཆ་གསབ་བཞིན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། བསྟན་རྒྱམ།