ཏེར་ཐ་ལས་ལྷག་པའི་གཞན་འགྱུར་ནད་དུག་གསར་པ་ཞིག་ཐོན་འདུག
ཏེར་ཐ་ལས་ལྷག་པའི་གཞན་འགྱུར་ནད་དུག་གསར་པ་ཞིག་ཐོན་འདུག
ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཛ་དྲག་གྲོས་ཚོགས་སྐོང་འཚོགས་བྱས་པ་མ་ཟད་གསལ་བསྒྲགས་སྤེལ་ཏེ། ཏོག་གསར་ནད་དུག་གཞན་འགྱུར་དུག་རྒྱུ་B.1.1.529དོ་ཁུར་བྱེད་དགོས་པའི་གཞན་འགྱུར་དུག་རྒྱུའི་གྲས་སུ་བཞག་ཅིང་། མིང་ལ་Omicron༼ཨོ་མི་ཁོ་རོན་༽ཞེས་བཏགས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཨོ་མི་ཁོ་རོན་གཞན་འགྱུར་དུག་རྒྱུ་དེ་དང་ཐོག་ལྷོ་ཨ་ཧྥེ་རི་ཁ་ནས་སྙན་སེང་ཞུས་ཤིང་། ཐོག་མའི་ཞིབ་འཇུག་ལས་མངོན་པར། གཞན་འགྱུར་དུག་རྒྱུ་དེས་མིའི་ལུས་ཕུང་ལ་ཡང་བསྐྱར་ནད་དུག་འགོ་སྲིད་པའི་ཉེན་ཁ་ཆེ་རུ་བཏང་ཡོད་ཅེས་བསྟན་འདུག
གཞན་འགྱུར་དུག་རྒྱུ་གསར་པས་སྔར་ལས་ཆེ་བའི་འགོས་ཁྱབ་ཉེན་ཁ་སློང་སྲིད།
དེ་རིང་ཨུ་རུ་སུ་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མིག་སྔར། ཨོ་མི་ཁོ་རོན་གཞན་འགྱུར་དུག་རྒྱུ་དེ་ཡ་མཚན་པའི་འགྲོས་ཚད་ཀྱི་ཐོག་ནས་ཧྥེ་གླིང་དང་ཧྥེ་གླིང་མ་ཡིན་པའི་ས་ཁུལ་དུ་འགོས་ཁྱབ་འགྲོ་བཞིན་ཡོད། ལྷོ་ཨ་ཧྥེ་རི་ཁར་དཔེར་བཞག་ན། ཉེ་དུས་ལྷོ་ཨ་ཧྥེ་རི་ཁའི་ཧའོ་ཏིན་མངའ་སྡེ་རུ་གསར་དུ་འཕར་བའི་ཏོག་གསར་ནད་དཔེ་ཡི་90%གཞན་འགྱུར་དུག་རྒྱུ་དེ་དང་འབྲེལ་བ་ཡོད་པ་རེད།
ཞིབ་འཇུག་མི་སྣས་བསྟན་དོན། ན་ནིང་གི་ཟླ་10པར་རྒྱ་གར་དུ་ཤེས་རྟོགས་བྱུང་བའི་ཏེར་ཐ་གཞན་འགྱུར་དུག་རྒྱུ་ལ་ཁྱོན་ཐོལ་འགྱུར་གྱི་ཆ་15འདུས་ཅིང་། འོན་ཏེ་ཐོག་མའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཨོ་མི་ཁོ་རོན་གྱི་གཞན་འགྱུར་དུག་རྒྱུ་དེ་ཏེར་ཐ་དུག་རྒྱུ་དང་བསྡུར་ན་ཐོལ་འགྱུར་གྱི་ཆ་མང་བ་ཡོད། མིག་སྔར་གཞན་འགྱུར་དུག་རྒྱུ་དེར་ཉུང་མཐར་ཡང་ཐོལ་འགྱུར་གྱི་ཆ་32ཡོད་པ་ཤེས་རྟོགས་བྱུང་ཞིང་། ཐོལ་འགྱུར་འབོར་ཆེན་གྱིས་ད་ཡོད་ཀྱི་ཏོག་གསར་འགོག་སྨན་གྱི་ནུས་པ་ཉམས་ཞན་དུ་གཏོང་སྲིད་པར་མ་ཟད། འགོས་ཁྱབ་རང་བཞིན་སྔར་ལས་ལྡན་པ་མཚོན་ཡོད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། མིག་སྔར་གཞན་འགྱུར་དུག་རྒྱུ་འདིའི་སྐོར་ལ་ཤེས་རྟོགས་བྱུང་ཚད་ཧ་ཅང་ཉུང་ཞིང་། དེར་འགོས་ཁྱབ་ནུས་པ་སྔར་ལས་ཆེ་བ་ཡོད་མེད་དང་འགོག་སྨན་འགོག་པའི་རང་བཞིན་སྔར་ལས་ལྷག་པ་ཡོད་མེད་ལ་དཔྱད་དཔོག་བྱེད་པར། ད་དུང་སྔར་བཞིན་ཞིབ་འཇུག་གྲངས་གཞི་དེ་བས་མང་པོ་དགོས་ཀྱི་ཡོད་ཅེས་བསྟན་ཡོད།
ཨ་རིའི་ཆེད་མཁས་པས་གཞན་འགྱུར་དུག་རྒྱུ་གསར་པ་དེ་རིགས་ཨ་རིར་འགོས་ཁྱབ་བྱུང་ཟིན་པར་སེམས་ཁྲལ་བྱེད་བཞིན་ཡོད།
མིག་སྔར། ཨ་རིར་དུས་ཆེན་གུང་གསེང་མང་བའི་སྐབས་དང་འཁེལ་ཞིང་། མང་ཚོགས་ཀྱི་གཞི་ཁྱོན་ཆེ་བའི་འདུ་འཛོམས་བྱེད་སྒོ་ཇེ་མང་དུ་འགྲོ་བཞིན་པས། ཨ་རིའི་ཆེད་མཁས་པས། རྒྱུ་རྐྱེན་སྣ་མང་གི་དབང་གིས། མ་འོངས་པར་ཨ་རིར་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་སླར་ཡང་ཇེ་མང་དུ་འགྲོ་སྲིད་པའི་སེམས་ཁྲལ་བྱེད་བཞིན་ཡོད།
ཉེ་བའི་གཟའ་འཁོར་འདི་གཉིས་རིང་། ཨ་རིའི་རིམས་ནད་གནས་ཚུལ་གྱི་གྲངས་གཞི་མངོན་གསལ་དོད་པོས་འཕར་བའི་འཕེལ་ཕྱོགས་མངོན་ཡོད། ཨ་རིའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་གསལ། སྤྱི་ཚེས་25ཉིན་བར་སླེབས་དུས། ཨ་རིར་ཉིན་7གྱི་ནང་ཆ་སྙོམས་ཉིན་རེའི་འགོས་ནད་ནད་དཔེ་94000ལ་སླེབས་ཤིང་། ཟླ་བ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་47འཕར་ཡོད་པ་རེད།
གཞན་ད་དུང་ཆེད་མཁས་པས་སེམས་ཁྲལ་བྱེད་བཞིན་པ་ནི། ཨ་རིར་དུས་ཡུན་རིང་པོར་ཏོག་གསར་ནད་དུག་གི་རྒྱུད་རྒྱུ་ཕྲེང་སྒྲིག་ཐད་ཀྱི་འཕེལ་རིམ་འགོར་བས། ཏོག་གསར་ནད་དུག་གཞན་འགྱུར་དུག་རྒྱུ་གསར་པ་ཨོ་མི་ཁོ་རོན་ཕལ་ཆེར་ཨ་རིའི་མངའ་ཁོངས་སུ་འགོས་ཁྱབ་བྱུང་ཡོད་པ་དེ་ཡིན།
རྒྱལ་ཁབ་མང་པོས་སླར་ཡང་རྒྱལ་སྤྱིའི་ཡུལ་སྐོར་ཐད་ཀྱི་ཚད་བཀག་སྲིད་ཇུས་སྤྱད་པ།
ཨོ་མི་ཁོ་རོན་གཞན་འགྱུར་དུག་རྒྱུ་དེ་རྒྱལ་ཁབ་དང་ས་ཁུལ་མང་པོར་འགོས་ཁྱབ་འགྲོ་བཞིན་ཡོད་ཅིང་། སྤྱི་ཚེས་26ཉིན། པེར་ཀྲེམ་དང་དབྱི་སི་རལ་གྱིས་ཨོ་མི་ཁོ་རོན་གཞན་འགྱུར་དུག་རྒྱུ་འགོས་པའི་ནད་དཔེ་ཐོག་མ་སྙན་སེང་ཞུས་ཡོད།
རྒྱལ་ཁབ་ཁ་ཤས་ཀྱིས། གཞན་འགྱུར་དུག་རྒྱུ་གསར་པ་འདིས་ཏེར་ཐ་ནད་དུག་གི་རྗེས་སུ་སླར་ཡང་རེས་སྐོར་གསར་པའི་རིམས་ནད་ཅིག་སློང་སྲིད་པར་སེམས་ཁྲལ་བྱེད་བཞིན་ཡོད། མིག་སྔའི་བར་དུ། དབྱིན་ཇི་དང་སུའེ་ཙེར། ཨུ་རུ་སུ་སོགས་རྒྱལ་ཁབ་20ཡིས་གཅིག་རྗེས་གཉིས་མཐུད་ངང་ལྷོ་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་གནམ་གྲུ་དང་ཡུལ་སྐོར་བ་རྒྱལ་ཁོངས་སུ་ཡོང་བར་ཚོད་འཛིན་བྱེད་ཐབས་བཏོན་དང་འདོན་བཞིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། རིན་ཆེན་མཚོ།