ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཤིན་ཅང་གིས་ལས་གནས་ཐོག་ཡིབ་པའི“ངོ་གཉིས་མར” སྲོག་ཁྲིམས་བཅད་པ།

2021-04-07 15:28:00     责编:娜科

 

ཤིན་ཅང་གིས་གཙོ་གནད་ལས་གནས་ཐོག་ཡིབ་པའི“ངོ་གཉིས་མར” སྲོག་ཁྲིམས་བཅད་པ།

 

 

 

 

    སྤྱི་ཚེས་6ཉིན། ཤིན་ཅང་གིས་ཤིན་ཅང་དང་འབྲེལ་བའི་གནད་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ལ་ངོ་རྒོལ་བྱེད་པའི་ཤིན་ཅང་གི་འཐབ་རྩོད་ནང་ཤེས་རྟོགས་བྱུང་བའི་དུས་ཡུན་རིང་པོར་གཙོ་གནད་ལས་གནས་ཐོག་ཡིབ་ནས་བསྡད་པའི་“ངོ་གཉིས་མ་”ཤིའར་ཀྲ་ཐི་པ་ཝུའུ་ཏུང་གི་ཉེས་གསོག་དོན་དངོས་ཡོངས་བསྒྲགས་བྱས་ཡོད།

 

    ཤིའར་ཀྲ་ཐི་པ་ཝུའུ་ཏུང་ནི་1966ལོའི་ཟླ་6པའི་ཚེས་25ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧེ་ཐན་ས་ཁུལ་ལུའོ་ཕུའུ་རྫོང་དུ་སྐྱེས་ཤིང་། 1988ལོར་སློབ་མཐར་ཕྱིན་རྗེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཉེན་རྟོག་སློབ་གྲྭར་དགེ་རྒན་བྱས། ཅུང་མ་འགོར་བར་ཧོ་ཐན་དུ་ལས་བསྒྱུར་བྱ་རྒྱུའི་རེ་འདུན་ཞུས་ཤིང་གཞི་རིམ་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཞིག་ནས་མགོ་བརྩམས་ཏེ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་ཐིང་གི་མགོ་འཛིན་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཅས་ཀྱི་འགན་ཁུར་ཞིང་། ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་མིང་ཐོག་ནས་འགེབས་སྲུང་བྱས་ཏེ། དུས་ཡུན་རིང་བོར་རྒྱལ་ཁབ་ཁ་བྲལ་གྱི་བྱ་འགུལ་ཇུས་འགོད་དང་ལག་བསྟར་བྱས་ཤིང་།“ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”རྩ་འཛུགས་ལ་རྒྱབ་རྟེན་བཅོལ་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་གཡོ་ཚོང་བྱས་པར་མ་ཟད། མངའ་ཁོངས་ཕྱིའི་མི་སྣར་ཁྲིམས་འགལ་གྱིས་གསང་འཕྲིན་འདོན་སྤྲོད་བྱས། 

    དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་། “ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”གྱིས་ཤིན་ཅང་གི་ས་ཁོངས་ནང་གཏུམ་སྤྱོད་འཇིགས་སྐུལ་གྱི་ཉེས་གསོག་རབ་དང་རིམ་པ་ཇུས་འགོད་ལག་བསྟར་བྱས་ནས་ཉེས་མེད་མང་ཚོགས་དང་ཉེན་རྟོག་པ་འབོར་ཆེན་ཤི་རྨས་བྱུང་། 2002ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”དེ་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་ནང་བཅུག 2004ལོར་རྩ་འཛུགས་དེའི་མིང་“ཐུའུ་ཅུའེ་སི་ཐན་དབྱི་སི་ལམ་ཏང་”ཞེས་པར་བསྒྱུར། 

 

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ་ཝང་ལང་ཐའོ་ཡིས། ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་དམིགས་ཡུལ་འགྲུབ་ཆེད། ཆོས་ལུགས་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་སླུ་བྲིད་དང་། ཆོས་ལུགས་ཀྱི་རྒྱབ་སྐྱོར། དཔལ་འབྱོར་གྱི་རོགས་རམ། བཅའ་ཁྲིམས་ཀྱི་འགེབས་སྲུང་སོགས་ཀྱི་རྣམ་པ་སྤྱད་ནས། ཁ་ཕྲལ་པ་དང་ཆོས་ལུགས་ཐལ་སྐྱོད་པར་ངན་སྐུལ་དང་། རྒྱབ་སྐྱོར། རྒྱ་ཡན་དུ་གཏོང་བ་དང་། ཆོས་ལུགས་ཐལ་སྐྱོད་པ་དང་མི་རིགས་ཁ་ཕྲལ་གྱི་བསམ་བློ་ཡོངས་གྲགས་སུ་སྒྲོག་སྤེལ་བྱེད་པ། ཆོས་ལུགས་ཐལ་སྐྱོད་པའི་བསམ་བློ་མགྱོགས་མྱུར་ངང་ཤུགས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཁ་ཕྲལ་དང་། འཇིགས་སྐུལ་པའི་བྱ་སྤྱོད་སྤེལ་ཕྱིར་བསམ་བློའི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་།   དུས་ཡུན་རིང་པོར་ཧོ་ཐན་ས་ཁུལ་མོ་ཡུས་རྫོང་དུ“ངན་ཤུགས་གསུམ”ལ་འགེབས་སྲུང་བྱས་ཏེ། “རང་བཙན་རྒྱལ་འཛུགས”ལ“ས་བོན་”བཞག་ཡོད་པ་དང་། དཔལ་འབྱོར་ཐད་ནས་ཁ་བྲལ་བར་རོགས་སྐྱོར་བྱས་ཏེ། ཧུར་ཐག་གིས་ཁ་བྲལ་གྱི་མ་དངུལ་གསོག་འཇོག་བྱས་པ་མ་ཟད། རང་འགུལ་ལམ་ཡང་ན་རྒྱལ་ནང་གི་ཁ་བྲལ་བ་བརྒྱུད་མངའ་ཁོངས་ཕྱིའི་ཁ་བྲལ་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ། ཤིན་ཅང་ཁ་བྲལ་གཏོང་བའི་དམིགས་ཡུལ་འགྲུབ་ཐབས་བྱས་ཡོད།    

    2003ལོའི་ཟླ་5པར་ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་ཧོ་ཐན་ས་ཁུལ་མོ་ཡུས་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རིང་། མངའ་ཁོངས་ཕྱི་རོལ་ནས་མོ་ཡུས་རྫོང་དུ་ཕྱིར་ལོག་བྱས་པའི་འཇིགས་སྐུལ་རྩ་འཛུགས“ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”གྱི་རྐང་འཛིན་ཁོངས་མི་ཐ་དབྱིར་ཨ་པ་སི་དང་ཐུག་འཕྲད་བྱས་ཏེ། ཐུན་མོང་ཐོག་ “མི་རིགས་རང་བཙན” ཇུས་འགོད་བྱས་པ་དང་། ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས། 2006ལོར་ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་མོ་ཡུས་རྫོང་གི་དབྱི་སི་ལམ་ཆོས་ཁང་ཆེན་མོའི་དེ་སྔའི་ཧ་ཐི་ཕུའུ་ཨ་པུའུ་ལ་ཅང་པ་ཁེར་ཕྱི་རྒྱལ་དུ་གནས་མཇལ་དུ་བཏང་བ་དང་ཐ་དབྱིར་ཨ་པ་སི་དང་ཐུག་འཕྲད་བྱས་ནས་ཕན་ཚུན་ཆ་འཕྲིན་སྤེལ་རེས་བྱས། 2015ལོར་ཤིའར་ཀྲ་ཐི་པ་ཝུའུ་ཏུང་གི“འབུར་དུ་ཐོན་པའི་བྱས་རྗེས་”ལ་བརྟེན་ནས་ “ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”རྩ་འཛུགས་ཀྱིས་ཤིན་ཅང་གི“རང་ཚུགས་རྒྱལ་འཛུགས”རྗེས་ཀྱི་མགོ་ཁྲིད་མི་སྣར་བདམས་པ་དང་།  2015ལོའི་ཟླ་9པར་ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་མངའ་ཁོངས་ཕྱི་རོལ་དུ་རྟོག་ཞིབ་བྱེད་པར་སྐྱོད་སྐབས་མངའ་ཁོངས་ཕྱི་རོལ་གྱི་མི་སྣར་གསང་འཕྲིན་མཁོ་འདོན་བྱས།

  

    གཞན་ཡང་། ཁྲིམས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཤིའར་ཀྲ་ཐི་པ་ཝུའུ་ཏུང་གིས་ད་དུང་མི་གཞན་ལ་ངན་སྐུལ་བྱས་ཏེ། “ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”རྩ་འཛུགས་ནང་ཞུགས་སུ་བཅུག་པ་དང་། དེའི་ལྐོག་རྔན་བླངས་པ་བརྒྱུད་ཐོབ་པའི་སྒོར་ས་ཡ་1དང་འབུམ་2་དང་ཁང་པ་ཞིག་“ཤར་ཀྲི་ཀི་སི་ཐན་དབྱི་སི་ལམ་ལས་འགུལ”རྩ་འཛུགས་ལ་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་པ་དང་། མོ་ཡུས་རྫོང་གི་དབྱི་སི་ལམ་གྱི་ཆོས་ཁང་ཆེན་མོའི་དེ་སྔའི་ཧ་ཐི་ཕུའུ་ཨ་པུའུ་ལ་ཅང་པ་ཁེར་ལ་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་ཐེ་ཇུས་བྱ་རྒྱུའི་ངན་སྐུལ་དང་རྒྱབ་སྐྱོར་བྱས་ཐོག  ཆོས་ལུགས་མི་སྣ་གདན་འདྲེན་ཞུས་ནས་རང་གི་བུ་མོའི་གཉེན་སྟོན་སྟེང་ཁྲིམས་འགལ་གྱིས་ཆོས་བཤད་པ་དང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་ནས་ལྐོག་རྔན་སྒོར་བྱེ་བ་1དང་ས་ཡ་1འབུམ་1ཁྲི་2ལྷག་བླངས་པ་དང་།  ཉེར་ཕྱོགས་གཡོ་ཟོལ་བྱས་ཏེ་སྒྲིག་འགལ་ངང་ཁྲིམས་ཆད་འཁུར་མཁན་ལ་འགེབས་སྲུང་བྱས་པ་དང་། ཁྲིམས་ཆད་འཁུར་མཁན་བྲོས་བྱོལ་དུ་སོང་བའི་དོན་དངོས་རྐང་བཙུགས་ནས་སྦ་གསང་བྱས་པ། ཁྲིམས་འཛིན་ལས་བྱེད་མི་སྣ་ཞིག་ཡིན་ཡང་བསམ་བཞིན་དུ་ཁྲིམས་འགལ་དོགས་ཡོད་ཉེས་ཅན་འགེབས་སྲུང་བྱས་ཡོད། 

 

 

 

   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》དང་།《ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་བཀོད་པའི་འབྲེལ་ཡོད་གཏན་འབེབས་ལྟར། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཤིར་ཀྲ་ཐི་པ་ཝུའུ་ཏུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་དང་། དགྲ་བོར་མགོ་བཏགས་ནས་ངོ་ལོག་པའི་ནག་ཉེས། མངའ་ཁོངས་ཕྱི་རོལ་དུ་ཁྲིམས་འགལ་གྱིས་གསང་འཕྲིན་འདོན་སྤྲོད་བྱས་པའི་ནག་ཉེས། འཇིགས་སྐུལ་ཚོགས་པར་ཞུགས་པའི་ནག་ཉེས། འཇིགས་སྐུལ་བྱེད་སྒོར་རོགས་རམ་བྱས་པའི་ནག་ཉེས། ཐལ་སྐྱོད་རིང་ལུགས་ལ་བརྟེན་ནས་བཅའ་ཁྲིམས་ལག་བསྟར་བྱེད་པར་གཏོར་བཤིག་བཏང་བའི་ནག་ཉེས། མི་མང་མཉམ་རུབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་བཏང་བའི་ནག་ཉེས། ལྐོག་རྔན་ལེན་པའི་ནག་ཉེས། འགན་དབང་གང་བྱུང་དུ་སྤྱད་པའི་ནག་ཉེས། ཉེ་ཕྱོགས་གཡོ་ཟོལ་བྱས་པའི་ཁྲིམས་འགལ་གྱི་ནག་ཉེས་བཅས་ནག་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱས་ཏེ་སྲོག་ཁྲིམས་བཅད་པ་དང་། སྲོག་ཁྲིམས་དེ་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་དང་། ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱ་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཐག་བཅད།  ཁྲིམས་རའི་འདྲི་གཅོད་ཁྲོད་དུ་ཁྲིམས་ལྟར་དེའི་གཏུག་བཤེར་དབང་ཆ་ཁག་ལ་འགན་སྲུང་བྱས་ཡོད། བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཤིའར་ཀྲ་ཐི་པ་ཝུའུ་ཡིས་ནག་ཉེས་ངོས་ལེན་བྱས་ཤིང་གོང་གཏུག་བྱས་མེད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། ཀླུ་འབུམ།

中央广播电视总台 央广网 版权所有

▶ཤིན་ཅང་གིས་ལས་གནས་ཐོག་ཡིབ་པའི“ངོ་གཉིས་མར” སྲོག་ཁྲིམས་བཅད་པ།