ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

པའེ་ཏེང་གི་ཆེད་བསྐོས་ཕོ་ཉས་ཡང་བསྐྱར་སྐད་ཆ་དེ་འདྲ་བཤད་འདུག

2021-04-07 15:25:00     责编:娜科

 

ཨ་རིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་མ་དངུལ་འབོར་ཆེན་བཏང་བ་དང་གནམ་གཤིས་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཁེ་ལི་ཡིས་ཀྲུང་གོར་ཁ་གཏད་གཅོག་ཆེད་མིན་ཞེས་བཤད་པ།

 

   ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ(CNBC)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་གི་གནམ་གཤིས་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་གཡོད་ཧན·ཁེ་ལིས་ཚེས་4ཉིན་ཨ་རིས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་མུ་མཐུད་ཞིབ་འཇུག་དང་གྲུབ་འབྲས་ཐོབ་རེ་བྱེད་པ་ནི་ཀྲུང་གོར་ཁ་གཏད་གཅོག་ཆེད་མིན་ཞེས་བཤད་པ་རེད། ཁོང་གིས་ད་དུང་རྒྱལ་ཁབ་གང་ཞིག་གིས་ཀྱང་ཁེར་རྐྱང་ངང་གནམ་གཤིས་ཀྱི་ཉམས་ཉེན་སེལ་མི་ཐུབ་ཅེས་བཤད་པ་རེད།

 

 

    རྒྱལ་ཁབ་གང་ཞིག་གིས་ཀྱང་གཅིག་པུར་གནད་དོན་དེ་ཐག་གཅོད་བྱེད་མི་ཐུབ། འདི་ནི་བསྒྲུབ་མི་ཐུབ་པའི་དོན་དག་ཞིག་རེད་ཅེས་ཁོང་གིས་ཨ་པུ་ཀྲ་པེས་གཙོ་གཉེར་བྱས་པའི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་གནམ་གཤིས་སྐད་ཆ་ཤོད་རེས་མཇུག་སྒྲིལ་རྗེས་འདི་ལྟར་བཤད་པ་རེད། ཁོང་གིས། ངའི་བསམ་པར་དེ་ནི་དཔལ་འབྱོར་གྱི་གོ་སྐབས་ཆེན་པོ་ཞིག་ཡིན།  དེ་ནི་ཀྲུང་གོ་དང་འབྲེལ་བ་ཡོད་པ་ཞིག་མ་རེད་ལ། དེ་བས་ཀྱང་ཀྲུང་གོར་ཁ་གཏད་གཅོག་ཆེད་མིན། དེ་ནི་ཀྲུང་གོ་དང་། ཨ་རི། རྒྱ་གར། ཨུ་རུ་སུ། ཧིན་རྡུ་ཉི་ཞི་ཡ། ལྗར་པན། ལྷོ་ཁོ་རི་ཡ། ཨོ་སི་ཁྲུ་ལི་ཡ་སོགས་འབུད་སྐྱུར་བྱེད་ཚད་ཧ་ཅང་མཐོ་བའི་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། དེའི་ནང་ཨ་རི་དང་ཀྲུང་གོ་ནི་འབུད་སྐྱུར་བྱེད་ཚད་མཐོ་ཤོས་རེད་ཅེས་བཤད་པ་རེད། 

 

 

    CNBCཡིས་ངོ་སྤྲོད་བྱས་པར་གཞིགས་ན། པའེ་ཏེང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་སྲིད་གཞུང་གི་འགག་རྩའི་བྱ་བ་ཞིག་ཏུ་བརྩི་རྒྱུ་དང་། དེའི་ཨ་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་བའི་གཞི་ཁྱོན་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་རབ་དང་རིམ་པར་གྲོས་འཆམ་བྱུང་ཚེ། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ངོས་ནས་བརྗོད་ན་ལོ་རྒྱུས་ཐོག་དྲོད་ཁང་རླངས་གཟུགས་འབུད་ཚད་ཉུང་དུ་གཏོང་ཆེད་འབད་བརྩོན་ཆེ་ཤོས་བྱས་པ་ཞིག་ཏུ་འགྱུར་རྒྱུ་རེད། འཆར་གཞི་དེ་ལག་བསྟར་ཐུབ་ཚེ། ཨ་རིས་གཙང་སྦྲའི་ལག་རྩལ་ཁྱབ་ཁོངས་ལ་མ་འཇོག་ཨ་སྒོར་དུང་ཕྱུར་350བྱ་རྒྱུ་མ་ཟད་ཨ་སྒོར་དུང་ཕྱུར་1740བཏང་ནས་རྒྱལ་ཁབ་དེའི་གློག་སྒུལ་རླངས་འཁོར་ཁྲོམ་ར་ཁྱོན་ཡོངས་ནས་བསྒྱུར་བཅོས་བྱ་རྒྱུ་ཡིན་པ་རེད། འོན་ཀྱང་CNBCཡིས་དེ་ནི་ཉེ་བའི་ལོ་ཤས་རིང་ཀྲུང་གོས་ནུས་རྒྱུ་གཙང་མའི་ཞིབ་འཇུག་གསར་སྤེལ་ཐད་བཏང་བའི་མ་དངུལ་དང་སྔར་བཞིན་བསྡུར་ཐབས་བྲལ་ཡོད་ཅེས་བཤད་པ་རེད།

 

   ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་ཁེ་ལིས་གནམ་གཤིས་སྐད་ཆ་ཤོད་རེས་མ་བྱས་གོང་གསར་འགོད་པར། ང་ཚོའི་རེ་བ་ནི་ང་ཚོས་ཀྲུང་གོ་དང་འབྲེལ་གཏུག་བྱ་རྒྱུ་དེ་རེད་ཅེས་དང་། ཁོང་གིས། ཙུང་ཐུང་པའེ་ཏེང་གིས་ཧ་ཅང་གསལ་པོ་བཤད་མྱོང་ཡོད་ལ། ངས་ཀྱང་གསལ་པོ་བཤད་མྱོང་། ང་ཚོ་དང་ཀྲུང་གོའི་དབར་གནད་དོན་གཞན་དག་དང་། གནད་དོན་འགའ་ཞིག་ཐད། ད་བར་གནམ་གཤིས་གནད་དོན་ཐད་བསྒྲུབ་དགོས་པའི་བྱ་བས་གནོད་སྐྱེལ་བ་ཐེངས་གཅིག་ཀྱང་བྱུང་མྱོང་མེད་ཅེས་བཤད་པ་རེད།  ལུའུ་ཐུའུ་གསར་འགྱུར་ཁང་གིས་དུས་ཡུན་རིང་པོའི་ནང་ཕྱོགས་འགལ་གནས་པའི་རྐྱེན་གྱིས་ཀྲུང་ཨ་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་ཐེབས་ཡོད་ཞེས་བསྟན་མོད།འོན་ཀྱང་ཁེ་ལིས་ཨ་རིས་ཀྲུང་གོ་དང་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད།

 

    ཟླ་3ཚེས་31ཉིན་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་2.25ཟིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་རབ་དང་རིམ་པ་ཞིག་ཁྱབ་བསྒྲགས་བྱས་པ་དང་འབྲེལ་འདི་ལོའི་དབྱར་ཁར་རྒྱལ་ཚོགས་ཀྱིས་འཆར་གཞི་དེར་ཆོག་མཆན་སྤྲོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

 

             

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་གཡུ་སྒྲོན།

ཡིག་སྒྱུར། སྒྲོལ་མ་སྐྱབས། 

中央广播电视总台 央广网 版权所有

པའེ་ཏེང་གི་ཆེད་བསྐོས་ཕོ་ཉས་ཡང་བསྐྱར་སྐད་ཆ་དེ་འདྲ་བཤད་འདུག

ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་ཁེ་ལིས་གནམ་གཤིས་སྐད་ཆ་ཤོད་རེས་མ་བྱས་གོང་གསར་འགོད་པར། ང་ཚོའི་རེ་བ་ནི