ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

པཎ་ཆེན་རིན་པོ་ཆེས་བོད་ལྕགས་མོ་གླང་ལོའི་ལོ་གསར་ཤིས་ཚིག་གནང་བ།

2021-02-12 09:00:00     责编:卓玛才让

 

 

     མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ་ཚོ། དེ་རིང་ངས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཀྲུང་གོ་གསར་འགྱུར་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ་བཅས་བརྒྱུད་ནས། རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ལ་དཔྱིད་གསར་དུས་ཆེན་དང་བོད་ལྕགས་གླང་ལོའི་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

     འདས་ཟིན་པའི་ལོ་གཅིག་ནི་ཆེས་དམིགས་བསལ་གྱི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོ་སྲིད་གཞུང་གིས་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་རྒྱུན་འཁྱོངས་ཀྱིས། རྒྱལ་ཡོངས་སེམས་པ་གཅིག་སྒྲིལ་དང་། དམངས་ཡོངས་ཀྱིས་སྟོབས་ཤུགས་མཉམ་དུ་བཏོན་པས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཛམ་གླིང་ཡོངས་ནས་དོ་སྣང་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ནད་ཡམས་འདི་བརྒྱུད་ཚེ་སྲོག་ནི་རྩ་ཆེན་ཞིག་ཡིན་པར་ང་ཚོས་ངོས་འཛིན་སྔར་ལས་ལྷག་པ་ཐུབ་ཡོད། ངའི་བསམ་པར་མི་ཚེའི་རྒྱུ་ནོར་རྩ་ཆེ་ཤོས་དེ་ལུས་བདེ་སེམས་སྐྱིད་རེད་འདུག ཐེངས་འདིའི་ནད་ཡམས་བརྒྱུད། མིའི་རིགས་ཧྲིལ་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་མ་ལག་ཡིན་པར་ང་ཚོས་ངོས་འཛིན་དེ་བས་གསལ་བ་ཐུབ་ཡོད།

     འདས་ཟིན་པའི་ལོ་གཅིག་ནང་། ང་རང་བོད་ལྗོངས་ཀྱི་ས་ཆ་མང་པོར་བསྐྱོད་སྐབས། ལོ་རྒྱུས་རང་བཞིན་གྱི་ལྟོས་མེད་དབུལ་ཕོངས་སེལ་བའི་བོད་ལྗོངས་གསར་པ་དང་། མི་དམངས་རྣམས་བདེ་འཁོད་ལས་བརྩོན་དང་། སྤོབས་སེམས་ཀྱིས་ཁེངས་པའི་བོད་ལྗོངས་གསར་པ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ། རིག་གནས་ཕུན་སུམ་ཚོགས་པ། གྲུབ་མཐའ་ཁག་འཆམ་མཐུན་ལྡན་པ། མི་སེམས་སྐྱིད་པོ་བཅས་ཡོད་པའི་བོད་ལྗོངས་གསར་པ་མཐོང་བྱུང་བས། ང་རང་གི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། དུས་རབས་བཟང་པོ་དང་། བདེ་སྐྱིད་ལྡན་པའི་ཕ་ཡུལ་ནི་རང་བཞིན་དུ་བྱུང་བ་མ་ཡིན་པར། ང་ཚོས་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་བ་དང་། ང་ཚོའི་ཆེད་དུ་དཀའ་སྤྱད་མདུན་སྐྱོད་གནང་མཁན་ཁྲི་སྟོང་མང་པོའི་བཀའ་དྲིན་ཚོར་བ་བྱ་དགོས། ང་ཚོས་ལས་རྒྱུ་འབྲས་ལ་ཡིད་ཆེས་དང་དད་པ་བྱས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་། ཉེ་རིང་ཆགས་སྡང་གི་བསམ་པ་ཞི་བར་བྱ་དགོས། ང་ཚོས་བྱམས་དང་སྙིང་རྗེའི་བསམ་པ་བཅངས་ནས། རྒྱལ་ཁབ་དང་སྤྱི་ཚོགས། མི་དམངས་བཅས་ལ་ཕན་པའི་བྱ་བ་གང་མང་སྒྲུབ་པ་དང་། ཚེ་འདིའི་བདེ་སྐྱིད་ཀྱི་འཚོ་བ་ལ་གཅེས་སྤྲས་ཡག་པོ་བྱ་དགོས། སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་དགོས། དེ་ལྟར་བསྒྲུབས་ན་ཚོགས་དང་བསོད་ནམས་གསོག་ཐུབ་པ་དང་། བདེ་སྐྱིད་ཀྱང་འཕེལ་བར་འགྱུར་ངེས་ཡིན།

     ད་ཐེངས་ཀྱི་རིམས་འགོག་འཐབ་རྩོད་ལས་དོན་ནི། ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། ང་ཚོས་ཉེ་རིང་ཆགས་སྡང་གི་བསམ་པ་སྤངས་ནས། མཉམ་དུ་ནད་ཡམས་ལ་ཁ་གཏད་གཅོག་དགོས། ཏོག་གསར་གློ་ཚད་རིམས་ནད་གང་མགྱོགས་ཞི་ཞིང་འཇགས་པའི་སྨོན་ལམ་ཞུ་རྒྱུ་དང་། འཛམ་གླིང་ཞི་བདེ་ཡོང་བ་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བ། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་མི་ཚང་མ་དང་ཁྱིམ་ཚང་ཀུན་བདེ་སྐྱིད་ཕུན་ཚོགས་ཡོང་བ་དང་། ཆབས་ཅིག་ཚང་མར་གྲུབ་འབྲས་གསར་པ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

པཎ་ཆེན་རིན་པོ་ཆེས་བོད་ལྕགས་མོ་གླང་ལོའི་ལོ་གསར་ཤིས་ཚིག་གནང་བ།