ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རྒྱུགས་གཞི་གལ་ཆེན་རྐུ་འབྲི་བྱས་པའི་སྤྱོད་ངན་དམར་རྗེན་དུ་བཏོན།

2020-09-16 09:27:00     责编:桑吉卓玛

       ཉེ་ཆར། ལྷོ་ཁོ་རེ་ཡའི་ཉེན་རྟོག་པས་དུས་ཡུན་རིང་ཞིང་གྱོད་འབྲེལ་མི་གྲངས་མང་བའི་ཨ་རིའི་སློབ་ཆེན་གྱི་སློབ་ཞུགས་ཡིག་རྒྱུགས་དེ་SATརྒྱུགས་ལེན་སྐབས་ཀྱི་རྐུ་འབྲི་བྱས་པའི་གྱོད་གཞི་ཞིག་ཕྱིར་བཏོན།

       ཉེན་རྟོག་པས་ཁྲིམས་འགལ་ངངSATརྒྱུགས་གཞིའི་མ་ཡིག་ཕྱིར་བཏོན་པའི་བར་འདུག་པ་ཞིག་འཛིན་བཟུང་བྱས་པ་མ་ཟད། ཡིག་རྒྱུགས་དྲིས་ལན་ཁྱབ་སྤེལ་གཏོང་བའི་གསབ་སྦྱོང་འཛིན་གྲྭ་ཞིག་གི་སློབ་ཁྲིད་དགེ་རྒན་དང་རྒྱུགས་གཞིའི་དྲིས་ལན་ཉོ་མཁན་གྱི་ཁྱིམ་བདག་20ལྷག་ལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས།

 

       ལྷོ་ཁོ་རེ་ཡའི་ཉེན་རྟོག་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་འཛིན་བཟུང་བྱས་པའི་བར་འདུག་པ་དེས་2014ལོ་ནས་2019ལོའི་བར་དུ། ཁྲིམས་འགལ་ངངSATརྒྱུགས་ལེན་སྤྱད་དེ་གོ་ལ་ཧྲིལ་བོའི་རྒྱུགས་རའི་དུས་ཚོད་མི་འདྲ་བའི་ཧེ་བག་ལྟར་སྔ་གཞུག་ཏུ་ཐེངས་10ལྷག་ལ་ཡིག་རྒྱུགས་གཏོང་མཁན་རྒྱལ་ཁབ་ནས་རྒྱུགས་གཞི་བླངས་པ་མ་ཟད་ཧྲོའར་(首尔)ཅང་ནན་གསབ་སྦྱོང་འཛིན་གྲྭའི་སློབ་ཁྲིད་བྱེད་མཁན་གྱི་ “དགེ་རྒན་གྲགས་ཅན་”ཞིག་ལ་སྤྲད་པ་དོགས་པའི་གནས་སུ་གྱུར་ཡོད།

       སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེས་རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་ལ་རིན་གོང་མཐོ་པོའི་སྒོ་ནས་དྲིས་ལན་བཙོངས་པས། དྲིས་ལན་ཐོབ་པའི་རྒྱུགས་སྤྲོད་སློབ་མ་དག་གིས་ཁང་ནེའར་སློབ་ཆེན(康奈尔大学)་དང་པུའུ་ལང་སློབ་ཆེན་(布朗大学)སོགས་ཨ་རིའི་འཁྲི་ཤིང་ (常春藤) མིང་གྲགས་ཅན་གྱི་སློབ་གྲྭར་ཞུགས། སྐར་གྲངས་མཐོ་དྲགས་པས་གཞན་གྱི་དོགས་པ་མི་སློང་བའི་ཆེད་དུ། སློབ་མ་ཁ་ཤས་ཀྱིས་ད་དུང་བསམ་གཟས་ནས་རྒྱུགས་གཞི་འགའ་རེའི་ལན་ནོར་འཆུག་བྱུང་དུ་བཅུག

       ཉེན་རྟོག་པའི་ཐོག་མའི་བརྟག་དཔྱད་ཀྱི་མཇུག་འབྲས་ལ་གཞིགས་ན། “དགེ་རྒན་གྲགས་ཅན་”གྱི་ངོ་འབག་རྫུན་མ་བཤུས་པ་ཟད། ལས་རིགས་ཚད་མཐོ་ཅན་གྱི་སློབ་མའི་ཁྱིམ་བདག་དང་དགེ་རྒན་དབར་གྱི་ལྐོག་འབྲེལ་ཉོ་ཚོང་ཡང་ཕྱིར་བཏོན།

       མིག་སྔའི་བར་དུ། གྱོད་གཞི་དང་འབྲེལ་བའི་སློབ་མའི་ཁྱིམ་བདག་བསྡོམས་པས་26ཡོད་ལ། དེའི་ཁྲོད་དུ་སྨན་པ་དང་ཁེ་ལས་གྲགས་ཅན་སོགས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངེས་ཅན་ལྡན་པའི་མི་སྣ་མི་ཉུང་བ་ཞིག་འདུག ཁོང་ཚོས་ཧན་སྒོར་ཁྲི་2000ནས་ཁྲི་5000(དམངས་སྒོར་ཁྲི་11.5ནས་ཁྲི་29)བར་བྱིན་ཏེ་རྒྱུགས་གཞིའི་དྲིས་ལན་ཉོས།

       གྱོད་དོན་འདིས་ལྷོ་ཁོ་རེ་ཡའི་ཛ་དྲག་ཆེ་བའི་སློབ་གསོའི་འགྲན་རྩོད་ཀྱི་མུན་ནག་ཕྱོགས་ཐེར་འདོན་བྱས། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་འགྲན་རྩོད་ལ་དཔེར་བླངས་ཏེ་བརྗོད་ན། ཨ་རི་ནི་དུས་ནམ་ཡང་ལྷོ་ཁོ་རེ་ཡའི་སློབ་མ་རྣམས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་འགྲོ་སའི་ས་ཆ་གཙོ་བོ་ཡིན་པས། གཞན་གྱི་རྗེས་སུ་མི་ལུས་པའི་ཆེད་དུ། ཁྱིམ་བདག་མང་པོ་ཞིག་གིས་དངུལ་སྒོར་འབོར་ཆེན་བཏང་ནས་བུ་ཕྲུག་རྣམས་ཕྱི་འགྲིམ་སློབ་སྦྱོང་གི་གསབ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག

       ཚོད་དཔག་རྩིས་ལེན་བྱས་པ་ལྟར་ན། ལོ་རེར་SATནང་ཞུགས་མཁན་གྱི་ལྷོ་ཁོ་རེ་ཡའི་རྒྱུགས་སྤྲོད་སློབ་མ་སྟོང་8ནས་ཁྲི་1བར་ཟིན་པ་དང་། སྤྱིར་བཏང་དུ་གཟའ་འཁོར་6རིང་གི་SATགསབ་སྦྱོང་འཛིན་གྲྭའི་སློབ་ཡོན་ནི་དམངས་སྒོར་ཁྲི་4ཙམ་རེད། ཁེ་ཕན་ཆེན་པོའི་བསླུ་བྲིད་འོག་ཏུ་གསབ་སྦྱོང་འཛིན་གྲྭ་ལ་ལས་ཉེན་ཁར་མི་འཛེམ་པར་ཁྲིམས་འགལ་བྱ་བ་བསྒྲུབས།

       མ་གཞིར། དོན་དག་འདི་ནི་ལྷོ་ཁོ་རེ་ཡས་SATརྒྱུགས་ལེན་རྐུ་འབྲུ་བྱས་པའི་སྤྱོད་ངན་ཕྱིར་བཏོན་པ་ཐེངས་དང་པོ་མིན་པར། དེའི་སྔོན་དུ་ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་གྱིས་སྤྱོད་ངན་དམར་རྗེན་དུ་བཏོན་པའི་SATཡི་གནད་དོན་ཐག་གཅོད་བྱེད་པའི་གྱོད་གཞིའི་ཁྲོད་དུ། རྒྱུགས་ཤོག་900ལྷག་ལ་རྐུ་འབྲུ་ཤོར་པས། ལྷོ་ཁོ་རེ་ཡའི་འབྲེལ་ཡོད་སློབ་མ་རྣམས་ཀྱི་རྒྱུགས་སྐར་རྩིས་མེད་དུ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད།

       2013ལོར་ལྷོ་ཁོ་རེ་ཡ་ཡང་བསྐྱར་SATཡི་རྒྱུགས་གཞི་ཕྱིར་ཤོར་བྱུང་བ་ཐེར་འདོན་བྱས་པས། ཨ་རིའི་རྒྱུགས་ལེན་ཁང་གིས་ཐེངས་དང་པོར་ལྷོ་ཁོ་རེ་ཡའི་SATཡི་རྒྱུགས་ར་ཡོངས་རྫོགས་མེད་པར་བཟོས་པ་ལས། སྤྱི་ཚོགས་གླེང་ཕྱོགས་སྣ་ཚོགས་ཚ་ཚ་འུར་འུར་ངང་བསླངས་ཏེ་རྒྱུགས་གཞི་རྐུ་འབྲི་བྱེད་པ་ནི་ལྷོ་ཁོ་རེ་ཡ་རྒྱལ་ཁབ་རང་གི་ངོ་ཚ་ཡིན་ཞེས་ཐད་ཀར་ཁ་རྡུང་བཏང་བ་རེད།

       རྒྱུགས་གཞི་རྐུ་འབྲི་བྱས་པའི་སྤྱོད་ངན་ཕྱིར་བཏོན་གྱི་ཆེས་གསར་བའི་གྱོད་གཞིའི་ཁྲོད། ལྷོ་ཁོ་རེ་ཡའི་ཉེན་རྟོག་པས་ཧྲོའར་ཅང་ནན་ཁུལ་གྱི་འབྲེལ་ཡོད་གསབ་སྦྱོང་འཛིན་གྲྭ་གཞན་དག་ལའང་བརྟག་དཔྱད་བྱས་ཏེ་ཁོ་ཚོའི་བརྟག་དཔྱད་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བཞིན་ཡོད་པས། གྱོད་གཞིར་ཚུད་པའི་དགེ་རྒན་དང་ཁྱིམ་བདག་སྔར་བས་ཇེ་མང་དུ་འགྲོ་སྲིད།  

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། སྙན་དབྱངས། 

中央广播电视总台 央广网 版权所有

རྒྱུགས་གཞི་གལ་ཆེན་རྐུ་འབྲི་བྱས་པའི་སྤྱོད་ངན་དམར་རྗེན་དུ་བཏོན།

རྒྱུགས་གཞི་གལ་ཆེན་རྐུ་འབྲི་བྱས་པའི་སྤྱོད་ངན་དམར་རྗེན་དུ་བཏོན།