ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུཊ་ཆེད། ཞི་ཅིན་ཕིང་གིས།

2020-07-31 11:12:34     责编:娜科

 

འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་འཛུགས་ཆེད་ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུ་འཆར་འགོད་གནང་བ།

 

ལྷབ་ལྷུབ་གཡོ་བའི་དམག་དར། སྐད་གསང་མཐོ་བའི་དམག་གླུ།

 

    སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན། ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས། མི་དམངས་དམག་དཔུང་གསར་པ་ཞིག་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་དབུ་བརྙེས་ཡོད།

    ལོ་ངོ93རིང་། མི་དམངས་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་འགན་འཁྲིར་ངོ་གནོང་མི་དགོས་པ་ཞིག་བྱས་ཡོད་ཅིང་། གསར་བརྗེའི་དམག་གིས་དད་སེམས་བརྟན་པོ་དང་ཞུམ་མེད་དམག་འཐབ་བྱས་པར་བརྟེན་འོད་སྟོང་འཕྲོ་བའི་རྒྱལ་ཁ་རབ་དང་རིམ་པ་བླངས་ཡོད།

 

  སྤྱི་ལོ2019ལོའི་ཟླ་བ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་གཟིགས་གནང་བ། 

 

    ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྣམ་པར་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱས་ཏེ། མི་དམངས་དམག་དཔུང་དེ་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན།

 

དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ནི་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་རྒྱུ་དེ་ཡིན།

 

    ཏང་གིས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱེད་པ་ནི་མི་དམངས་དམག་དཔུང་གི་དམག་འཛུགས་ཀྱི་གཞི་མ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ལྟ་བུ་ཡིན།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་རེའི་ཏང་གི་དམག་འཛུགས་དམག་སྐྱོང་གི་ཉམས་མྱོང་ཕྱོགས་བསྡོམས་གནང་བའི་རྨང་གཞིའི་ཐོག ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་འབེན་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་སྲུང་ཡིན། དེ་ནི་རང་རེའི་ཏང་གིས་ཁྲག་ཐོན་མེ་འབར་གྱི་འཐབ་རྩོད་ནང་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཡིན་ཞེས་བསྟན་གནང་ཡོད།

    བྱང་རྒྱུད་མཐའ་མཚམས་ནས་ལྷོ་རྒྱུད་ས་གཞི་ཆེན་མོའི་བར་དང་། བྱེ་ཐང་ཆེན་པོའི་མྱ་ངམ་ཐང་ནས་ཤར་རྒྱ་མཚོའི་འགྲམ་ངོགས་བར་གང་དུ་ཕེབས་ཀྱང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་བླ་སྲོག་བརྟན་པོ་འཛུགས་རྒྱུའི་ཐད་ནན་བཤད་ཡང་ཡང་གནང་གི་ཡོད།

  

   

   དམག་དཔུང་བཙུགས་ནས་ལོ་ངོ93སོང་རིང་། མི་དམངས་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་ངང་གོམ་སྟབས་གཅིག་གྱུར་བྱས་ཡོད། ཉེན་ཁ་དང་། བསླུ་བྲིད། འགལ་རྐྱེན་སོགས་གང་འདྲ་ཞིག་འཕྲད་རུང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་མངོན་ཡོད།

    ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། དམག་ཡོངས་ཀྱི་དཔུང་སྡེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། བཀའ་ཐོས་འཕྲལ་བྱ་སྤྱོད་སྤེལ་བ། འགན་འཁྲི་ལྕི་པོ་འཁུར་ཕོད་པ་བཅས་བྱས་ཏེ། མངགས་བཅོལ་ཆེན་པོ་སྟོང་ཟད་དུ་བཏང་མེད་པ་དང་རང་འཁྲིའི་ལས་འགན་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཡོད། སྤྱི་ཟླ1པོའི་ཚེས24ཉིན་གྱི་ལུགས་རྙིང་ལོའི་གནམ་གང་དགོང་མོ་ནས་བཟུང་། དམག་དཔུང་གིས་སྔ་རྗེས་སུ་སྨན་དོན་མི་སྣ་ཁྱོན4000ལྷག་ ཁག3ལ་བགོས་ནས་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་མངགས་ཏེ། མདུན་ཕྱོགས་མཛུབ་ཁྲིད་ཚོགས་ཆུང་དང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེ། འཐབ་ས་དང་པོའི་སྨན་དོན་མི་སྣ་བཅས་རོགས་སྐྱོར་སྟོབས་ཤུགས་མ་ལག་ཅིག་གྲུབ་པར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

 

    སྤྱི་ལོ2020ལོའི་ཟླ་བ7པའི་ཚེས8ཉིན་གྱི་ཐོ་རེངས་ཅང་ཞིའི་ཞིང་ཆེན་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཅིན་ཏེ་ཀྲེན་ཡན་ལག་རུ་ཁག་གི་དཔོན་དམག་གིས་ཅིན་ཏེ་ཀྲེན་ཧྲེ་ཀྲུའུ་ཧྲན་ཁུལ་ཀོན་དབྱིང་ཀེ་ས་ཁུལ་དུ་བྱེ་ཕད་དབོར་ནས་ཁྲང་ཅང་གཙང་པོའི་ཆུ་རགས་བརྟན་དུ་གཏོང་བ།

 

    སྤྱི་ཟླ7པ་ནས་བཟུང་། དྲག་ཆར་གྱིས་རང་རྒྱལ་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་བཟོས་ཡོད། མི་དམངས་དམག་དཔུང་རྣམས་འབོད་འཕྲལ་དེ་མུར་འབྱོར་ནས། ལག་གདང་དཔུང་འགྲིལ་གྱིས་འབྲུབ་འགོག་འཐབ་ས་དང་པོར་ཕྱག་རོགས་གནང་ཡོད། ལས་ཡུལ་དངོས་སུ་འབྱོར་རྗེས་དུས་ཚོད་དམ་འཛིན་གྱིས་ཆུ་དོང་འགོག་པ་དང་། ཆུ་རགས་ལ་སྲུང་སྐྱོབ་བྱེད་པ། ཉེན་ཁའི་གནས་ཚུལ་ལ་བརྟག་ཞིབ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་གནང་ཡོད།

 

 

དམག་ཧྲག་གིས་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་དགོས།

 

    མི་དམངས་དམག་དཔུང་ནི་ནམ་ཡང་འཐབ་འཛིང་རུ་ཁག་ཡིན་པ་དང་། མི་དམངས་དམག་དཔུང་གི་ཚེ་སྲོག་སྟོབས་ཤུགས་ནི་དམག་འཐབ་ནུས་པར་རག་ལུས་ཡོད་ཅེས་པ་དེ་ནི། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་གི་མཚར་སྡུག་ལྡན་པའི་ལོ་རྒྱུས་ལ་ཕྱིར་དྲན་གནང་སྐབས་བཏོན་གནང་བའི་ཚན་རིག་གི་ཆོད་སྡོམ་རེད།

    དམག་རྒྱག་ཐུབ་པ་དང་། དམག་ལ་རྒྱལ་ཁ་ལེན་ཐུབ་པ་བྱེད་པ་ནི། ཏང་དང་མི་དམངས་ཀྱིས་དམག་དཔུང་ལ་བཏོན་པའི་གཞི་རྩའི་བླང་བྱ་ཡིན་པ་གང་ཞིག  དམག་དཔུང་གི་འགན་འཁྲི་དང་འོས་འགན་གནས་ས་དང་། དམག་དཔུང་བཙུགས་པའི་གཞི་རྩའི་རིན་ཐང་གནས་ས་དེ་ཡང་ཡིན་པ་རེད།

    དུས་རབས་གསར་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས། དངོས་འཐབ་ཀྱི་དགོས་མཁོར་གཞིགས་ཏེ། དམག་དཔུང་ལ་སྦྱོང་བརྡར་ནན་པོ་སྤྲོད་པ་དང་། དམག་གང་ཞིག་རྒྱག་དགོས་ཚེ་དམག་མིར་དེའི་ཐད་ཀྱི་སྦྱོང་བརྡར་སྤྲོད་དགོས། དམག་རྒྱག་པར་གང་ཞིག་མཁོ་ཚེ་གང་དེ་སྦྱོང་བརྡར་བྱེད་དགོས་ཞེས་ནན་སྟོན་ཐེངས་མང་གནང་མྱོང་ཡོད།

 

སྤྱི་ལོ2019ལོའི་ཟླ་བ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གཟབ་རྒྱས་ངང་འཚོགས་པ་དང་། འདི་ནི་དམག་གཟིགས་དང་ལེན་ཞུ་མཁན་སྐམ་དམག་དམག་འཐབ་རུ་ཁག་ཡིན།  

 

འབོད་ན་ཡོང་བ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་བྱེད་དགོས།

 

    དམག་དཔུང་འཛུགས་སྐྱོང་ཐད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུན་དུ་ཐུགས་ལ་འཇོག་གནང་བ་ནི། དངོས་འཐབ་ཅན་གྱི་དམག་དཔུང་སྦྱོང་བརྡར་བྱ་རྒྱུ་དེ་རེད། རླབས་གཤགས་མདུན་སྐྱོད་བྱེད་བཞིན་པའི་དམག་གྲུའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་ གྲུ་གཅལ་བརྒྱུད་གྲུ་ཁང་ནང་ཕེབས་ཏེ། དམག་དཔུང་གི་སྦྱོང་བརྡར་ལ་མཁྱེན་རྟོགས་གནང་བ་དང་། གྲང་ངར་གྱིས་ཁེངས་པའི་གྲམ་ཐང་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དགུན་གྱི་གྲང་རླུང་ལ་ཐུགས་འཛེམས་མ་གནང་བར། མཁའ་དམག་གི་སྦྱོར་བརྡར་ཚོད་ལྟ་ལྟེ་གནས་ག་གེ་མོར་གཟིགས་ཞིབ་གནང་བ། དུ་རྫས་ལྷོག་ལྷོག་དུ་འཕྱུར་བཞིན་པའི་སྦྱོང་བརྡར་ར་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲབ་ལྡན་བཀོད་འདོམས་རླངས་འཁོར་ནང་བཞུགས་ནས། གོ་མཚོན་གྱི་བྱེད་ནུས་ལ་རྒྱུས་ལོན་ཞིབ་ཅིང་ཕྲ་བ་གནང་ཡོད།

 

སྤྱི་ལོ2018ལོའི་ཟླ་བ4པའི་ཚེས12ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་ཡོད། འདི་ནི་དམག་གྲུ་ཨ་མའི་རྡུང་རྡེག་དམག་འཐབ་ཚོགས་པ་སོགས་ནས་དམག་གཟིགས་དང་ལེན་ཞུ་བའི་རྣམ་པ་རེད། 

 

    སྦྱོང་བརྡར་བཀའ་རྒྱ་ལྕགས་ལྟར་མཁྲེགས། གཟི་བརྗིད་འོས་འགན་རི་ལྟར་བརྟན། ཉེ་བའི་ལོའི་རིང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོར་བརྡར་བྱེད་པའི་ཚ་རླབས་དམག་ཡོངས་ཀྱི་ཁྲོད་རྒྱུན་མཐུད་ངང་འཕྱུར་ཡོད། སྐམ་དམག་གི་འཕུར་མཆོངས་རྟགས་ཅན་དང་མེ་ཤུགས་རྟགས་ཅན། མཚོ་དམག་གི་སྒུལ་འཕྲུལ་རྟགས་ཅན་དང་ཆུ་སྲིན་སྔོན་པོ་རྟགས་ཅན། མཁའ་དམག་གི་གསེར་རྨོག་རྟགས་ཅན་དང་གསེར་གདུང་རྟགས་ཅན། མེ་ཤུགས་འཕུར་མདེལ་དམག་གི་མཁའ་གྲི་རྟགས་ཅན་སོགས་ཀྱི་སྦྱོང་བརྡར་རབ་དང་རིམ་པའི་འགྲན་རྒོལ་ནུས་པ་ལོ་རེ་བཞིན་ཆེ་རུ་འགྲོ་བ་དང་། དམག་རྒྱག་ནུས་པ་ལོ་རེ་བཞིན་ཆེ་རུ་ཕྱིན་ཏེ། དུས་རབས་གསར་པའི་དངོས་འཐབ་དམག་སྦྱོང་གི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད་པ་རེད།

 

 

   དམག་ཧྲག་གི་རྨང་གཞི་ནི། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་དང་། དམག་དཔུང་ནན་སྐྱོང་བྱ་རྒྱུ་དེ་རེད།

   དམག་ལ་ཁྲིམས་མེད་ན་གཞི་རྐང་ཚུགས་ཐབས་བྲལ་བ་དང་། ཁྲིམས་ལུགས་ལག་བསྟར་ནན་པོ་མ་བྱས་ན་ཟིལ་ཤུགས་མེད། ཁྲིམས་ལྟར་དམག་སྐྱོང་བ་དང་དམག་ནན་སྐྱོང་བྱ་རྒྱུ་ནི། ལོ་རྒྱུས་ཀྱིས་བཏང་བའི་བརྡ་འཕྲིན་ཞིག་རེད་ལ། དུས་རབས་ཀྱི་གདམ་ག་དང་། དེང་རབས་ཅན་གྱི་དམག་དཔུང་འཛུགས་པའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཀྱང་རེད།

   སྤྱི་ལོ2012ལོའི་ཟླ12པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མཇུག་འགྲིལ་ནས་ཡུན་རིང་མ་སོང་བའི་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་དང་པོར་གཞི་རིམ་གྱི་དམག་དཔུང་ཁག་ནང་གཟིགས་ཞིབ་གནང་བར་ཕེབས་སྐབས། ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་དང་། དམག་དཔུང་ནན་སྐྱོང་བྱ་རྒྱུ་ནི་དམག་ཧྲག་འཛུགས་པའི་རྨང་གཞི་ཡིན་པ་ཁ་གསལ་བཏོན་གནང་ཡོད། དེ་ནས་བཟུང་། དམག་ཧྲག་གིས་དམིགས་ཚད་སྣེ་ཁྲིད་དུ་བཟུང་ནས། མི་དམངས་དམག་དཔུང་གིས་ཁྲིམས་ལྟར་དམག་སྐྱོང་རྒྱུ་དང་། དམག་ནན་སྐྱོང་བྱ་རྒྱུའི་ལས་རིམ་ལ་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་དམག་དཔུང་གཏོད་རྒྱུའི་རྣམ་པ་གསར་པ་བཏོད་པ་རེད།

 

 

   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་སར་བཞེངས་ནས། ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་དང་། དམག་ཧྲག་དམག་དར་གྱི་འཆར་འགོད་བཏིང་གནང་བ་བརྒྱུད། སྤྱོད་ཚུལ་འཛུགས་སྐྱོང་ནས་འགོ་བརྩམས་ཏེ། བྱས་པར་རྗེས་ཐོན་པ་དང་འདྲུད་པར་ཤུལ་ལུས་པ་བྱེད་པའི་སྙིང་རུས་ལྡན་པ་བྱེད་པ་དང་། ཆུ་ཐིགས་ཀྱིས་བྲག་རྡོ་འབིགས་པ་དང་། ལྕགས་ཧྲེང་ཁབ་ལ་བསྒྱུར་བའི་དཔེ་བཞིན་བློ་སྟོབས་ཆེར་སྐྱེད་བྱེད་པ། ལན་བརྒྱར་ཕམ་རུང་མགོ་བོ་མི་སྒུར་བ། མདུན་ཕྱོགས་སུ་ཤོར་རྐྱང་བྱེད་པའི་རྟུལ་ཤུགས་འཛིན་པ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་མཐར་ཕྱིན་བྱེད་པ་བཅས་གནང་ཡོད།

   འཐབ་འཛིང་ཁྲོད་ནས་འཚར་བའི་མི་དམངས་དམག་དཔུང་གིས། ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་མ་དང་། སྤྱོད་ཚུལ་དང་གཟུགས་བརྙན་སླར་གསོ། སྲོལ་རྒྱུན་གྱི་གཞི་མདངས་རྒྱུད་འཛིན། དམག་སེམས་བློ་སྟོབས་གཅིག་སྡུད། རྒྱལ་ཁའི་སྟོབས་ཤུགས་གོང་སྤེལ་བཅས་བཏང་ནས། དུས་རབས་གསར་པའི་རྔམ་བརྗིད་ལྡན་པའི་རྒྱང་སྐྱོད་གསར་པ་འགོ་བརྩམས་ཡོད།

 

 

    ལེ་དབར་ཁྲི་ཡི་རྒྱང་སྐྱོད་སྐབས། ཐོག་མའི་བསམ་འདུན་བྲག་ལྟར་སྲུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག  བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་འགྱུར་བ་བྱེད་པའི་བགྲོད་ལམ་ཐོག་བསྐྱོད་ཚེ། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།  རིན་ཆེན་དབང་འདུས། 

    中央广播电视总台 央广网 版权所有

    འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུཊ་ཆེད། ཞི་ཅིན་ཕིང་གིས།