ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཨ་ཙི། སྒོ་ངའི་ནང་དུ་ཕྱུགས་སྨན་གྱི་རྫས་འདུག་ཟེར།

2020-06-29 20:59:00     责编:桑吉卓玛

       སྒོ་ང་ནི་ཧ་ལམ་ཁྱིམ་ཚང་ཚང་མར་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་མོད། འོན་ཀྱང་ཉེ་ཆར་ཞིང་དུད་ཀྱི་སྒོ་ང་སླར་ཡང་སྨྱན་སྦྱོར་ཆེ་གྲས་ཁག་གི་གསར་འགྱུར་དང་པོར་གྱུར་ཡོད། 

 

 

 

       ཉིན་ཤས་གོང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དྲ་ཚིགས་ཐོག་ཚད་མ་ལོན་པའི་ཟས་རིགས་སྐོར་ཁག17པའི་སྤྱི་བསྒྲགས་སྤེལ་ཡོད་ཅིང་། དེའི་ནང་ཧུའུ་ནན་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚད་ཡོད་ཀུང་སི་ཞིག་གིས་ཐོན་སྐྱེད་བྱས་པའི་ཞིང་དུད་སྒོ་ང་ཚུད་ཡོད་ཅིང་། སྒོ་ང་དེའི་ནང(金刚烷胺)རྡོ་རྗེ་ཝན་ཨན་ཞེས་པའི་དངོས་རྫས་འདུས་ཡོད།

 

 

       རྡོ་རྗེ་ཝན་ཨན་ཞེས་པ་ཅི་ཞིག་ཡིན་ནམ།

       རྡོ་རྗེ་ཝན་ཨན་ཞེས་པ་ནི་ནད་དུག་འགོག་པའི་སྨན་རྫས་ཤིག་ཡིན་ཞིང་། ཆེས་ཐོག་མར་ཆམ་རིམས་ཀྱི་ནད་དུག་འགོག་པར་བཀོལ་བ་དང་། མི་དར་མར་མཚོན་ན། སྨན་རྫས་དེའི་རིགས་བདེ་འཇགས་ཡིན་ཞིང་ཕན་ནུས་ཆེ་བས་ཀུན་གྱི་བསྔགས་བརྗོད་ཐོབ་མོད། འོན་ཀྱང་དེའི་སྨན་བཅོས་སྦྱོར་ཚད་དེ་ཞོར་སྐྱོན་ཐོན་པའི་སྦྱོར་ཚད་དང་ཉེ་བར་བརྟེན། ལོ་ན་རྒན་པའམ་མཁལ་མའི་ནད་ཡོད་པ་དང་། དལ་བའི་རང་བཞིན་གྱི་གློ་སྙིང་གི་ནད་ཡོད་མཁན་ལ་མཚོན་ན། སྨན་གྱི་མང་ཉུང་ཤིན་ཏུ་ཚོད་འཛིན་དཀའ་བ་དང་། དངོས་རྫས་དེ་རིགས་སྲོག་ཆགས་ལས་ཐོན་པའི་ཟས་རིགས་ཁྲོད་སྨན་རྫས་ལྷག་ལུས་ཀྱི་རྣམ་པའི་ཐོག་ནས་གནས་ཤིང་ཟས་རིགས་བརྒྱུད་ལུས་ཕུང་དུ་ཞུགས་སྲིད། 

       2005ལོར་ཁྱབ་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའི་སྤྱི་བསྒྲགས་ཨང560》ཞེས་པར་གསལ་པོར་བསྟན་དོན། རྡོ་རྗེ་ཝན་ཨན་རིགས་སོགས་ནད་དུག་འགོག་པའི་སྨན་རྫས་སྲོག་ཆགས་རིགས་ལ་བཀོལ་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མེད་ཅིང་།  བདེ་འཇགས་ཡིན་མིན་གྱི་ཚོད་ལྟའི་འབྲས་བུའང་མེད་པར་བརྟེན། སྲོག་ཆགས་ཀྱི་ནད་དུག་རང་བཞིན་གྱི་རིམས་ནད་ཐད་བཀོལ་ན། སྲོག་ཆགས་ཀྱི་རིམས་ནད་ཚོད་འཛིན་ཐད་མཇུག་འབྲས་ངན་པ་བཟོ་སྲིད་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལག་བསྟར་བྱེད་པར་ཡང་ཤུགས་རྐྱེན་ཐེབས་སྲིད།

       བྱ་དེ་གསོ་མཁན་གྱིས་ཅིའི་ཕྱིར་རྡོ་རྗེ་ཝན་ཨན་བཀོལ་དགོས། 

       1.རྡོ་རྗེ་ཝན་ཨན་དེ་སྔོན་ཆད་ཕྱུགས་སྨན་ཁྲོད་ནད་དུག་འགོག་པའི་ནུས་པ་ཡོད་པ་སྟེ། དཔེར་ན་འདབ་ཆགས་ཆམ་རིམས་དང་བྱ་དེའི་འགོས་ནད་རང་བཞིན་གྱི་གློ་ཡུའི་ཡན་ལག་གཉན་ཚད་སོགས་སྲོག་ཆགས་ཀྱི་ནད་གསོ་བཅོས་བྱེད་བཞིན་ཡོད་ལ། བཀོལ་སྤྱོད་ཀྱི་རིན་ཐང་ངེས་ཅན་ལྡན།

       2.རྡོ་རྗེ་ཝན་ཨན་གྱི་རིན་གོང་སླ་བས་བྱ་དེ་གསོ་མཁན་ཚོས་དགའ་བོ་བྱེད་ཀྱི་ཡོད་པ་དང་། ཆམ་རིམས་ཡང་གྲས་དང་འདབ་ཆགས་ཆམ་རིམས་ལྕི་པོ་གང་ཡིན་ཡང་ཚང་མས་སྨན་གྱིས་བྱ་དེ(སྲོག་ཆགས་)གསོ་བཅོས་བྱེད་དགོས།

       3.མིག་སྔར་རྡོ་རྗེ་ཝན་ཨན་གྱི་ཚབ་བྱེད་ཐུབ་པའི་སྨན་རྫས་དེ་བས་ལེགས་པ་ཞིག་ད་དུང་བྱུང་མེད་པ་མ་ཟད། གསོ་སྤེལ་ཁྱིམ་དུད་ཆུང་གྲས་རང་ཉིད་ལའང་དགོས་ངེས་ཀྱི་ཤེས་བྱ་དང་ལག་རྩལ་གྱི་ཁྲིད་སྟོན་མེད་པས། དོན་དག་འདི་རིགས་ཐེངས་མང་འབྱུང་བཞིན་ཡོད་པ་རེད།

       དོན་དངོས་ཐོག ད་ཆ་ཚད་ལྡན་གྱི་ཞིང་ཕྱུགས་ཁེ་ལས་ཀྱིས་སྔ་ས་ནས་རྡོ་རྗེ་ཝན་ཨན་འདུས་པའི་ནད་དུག་འགོག་པའི་ཕྱུགས་སྨན་ཐོན་སྐྱེད་བྱེད་མཚམས་བཞག་ཡོད་ལ། གཞི་ཁྱོན་ཅུང་ཆེ་ཞིང་ནད་ཡམས་བརྟག་ཞིབ་ལམ་སྲོལ་འཐུས་སྒོ་ཚང་བའི་ཁེ་ལས་ཀྱིས་ཕྱུགས་སྨན་གང་བྱུང་དུ་སྤྱོད་པ་སོགས་ཤིན་ཏུ་ཉུང་ཉུང་ཡིན། 

       (氟苯尼考)སྨན་རྫས་ཧྥུལ་པུན་ཉི་ཁའོ་ཡང་ཐེངས་མང་པོར་ཞིབ་བཤེར་བྱུང་འདུག 

       སྒོ་ང་ཉོ་བའམ་ཟ་སྐབས་ཅི་ཞིག་ལ་དོ་སྣང་བྱེད་དགོས།

        སྒོ་ང་ཉོ་བར་གང་ཐུབ་ཀྱིས་ཚད་དང་ལྡན་པའི་སྒོ་རྩིས་ཚོང་ཁང་ཆེ་གྲས་སམ་ཡང་ན་ཚོང་གཉེར་ཆ་རྐྱེན་འཐུས་སྒོ་ཚང་བའི་ཞིང་ཟོག་ཚོང་རར་ཕྱིན་ནས་ཉོ་དགོས་ཤིང་། དེ་དག་ནི་ལྟོས་བཅས་ཀྱིས་བདེ་འཇགས་ཡིན།

        བདེ་འཇགས་དང་འཚོ་བཅུད་ཡག་པོ་ལོན་ཆེད་སྒོ་ང་རློན་པར་ཟ་མི་རུང་།

       དོ་སྣང་བྱ་དགོས་པ་ཞིག་ནི་བྱ་གསོ་ར་བས་མང་པོ་ལྷན་གཅིག་ཏུ་ཐོན་སྐྱེད་བྱས་པའི་བྱ་སྒོང་ཁྲོད་འཚོ་བཅུད་དང་གཏེར་རྒྱུ་འདུས་ཚད་དེ་ཁེར་གསོ་བྱས་པའི་སྒོ་ངའི་འདུས་ཚད་ལས་ཅུང་ཆེ་བ་ཡོད་ལ། དེ་ནི་གཟན་ཆས་ཁྲོད་ཀྱི་འཚོ་བཅུད་དངོས་རྫས་དང་འབྲེལ་བ་ཡོད།

       བྱ་གསོའི་ཁོར་ཡུག་གཏན་འཁེལ་མིན་པ(འཕྲོད་བསྟེན་དང་རིམས་འགོག དུག་སེལ་སོགས་ཀྱི་གནས་ཚུལ) ཡིས་ཁེར་གསོས་བྱ་སྒོང་དེ་བྱ་སྒོང་ཕལ་བ་དང་བསྡུར་ན། ཧྲ་མོན་སྲིན་འབུ་དང་ལི་སི་ཐེ་སྲིན་སོགས་ཀྱི་འབུ་ཕྲ་འགོ་སླ་བ་དང་། ཟོས་རྗེས་ཟས་དུག་ཕོག་པའི་ཉེན་ཁ་ཆེ། 

       གཞན་ཡང་། ཁེར་གསོ་བྱས་པའི་བྱ་དེའི་ལྟོ་ཟན་དེ་རིགས་སྣ་ཅུང་མང་བས་མ་གཞི་ནས་ནད་སྐྱེད་འབུ་ཕྲ་དང་ཞིང་སྨན་སོགས་གནོད་ཡོད་དངོས་པོ་འགོ་སླ་བས། འདི་ཡང་བདེ་འཇགས་མིན་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བྱམས་མཚོ། 

 

中央广播电视总台 央广网 版权所有

ཨ་ཙི། སྒོ་ངའི་ནང་དུ་ཕྱུགས་སྨན་གྱི་རྫས་འདུག་ཟེར།

སྒོ་ང་ནི་ཧ་ལམ་ཁྱིམ་ཚང་ཚང་མར་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་མོད། འོན་ཀྱང་ཉེ་ཆར་ཞིང་དུད་ཀྱི་སྒོ་ང་སླར་ཡང་