ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

“མིག་སྨན་”འདི་དག་དུག་རྫས་ཡིན་པས་བུད་མེད་མང་པོར་གནོད་འཚེ་ཕོག་འདུག

2020-06-27 14:39:00     责编:卓玛才让

     “མིག་སྨན་”འདི་དག་གི་བཟོ་ལྟ་མིག་སྨན་དཀྱུས་མ་དང་གཉིས་སུ་མ་མཆིས་མོད།  དོན་དངོས་སུ་འདི་ནི་སྐར་མ་ཁ་ཤས་ནང་མིའི་དབང་ཤེད་ཉམས་པར་བྱེད་པའི་དུག་རྫས་ཤིག་ཡིན། ཉེ་ཆར་ནན་ཅིང་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉེ་ལམ་རྩད་ཆོད་པའི་དྲ་ཐོག་དུག་རྫས་གྱོད་གཞི་ཆེན་པོ་ཞིག་ཡོངས་བསྒྲགས་བྱས་ལ། གྱོད་འབྲེལ་མི་སྣ་900ལྷག་ཡོད་ཅིང་རྒྱལ་ཡོངས་ཞིང་ཆེན་མང་པོར་ཁྱབ་ཡོད་འདུག 

ཅང་སུའུ་ཉེན་རྟོག་གིས་དྲ་རྒྱའི་དུག་རྫས་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

 

 

△央视财经《第一时间》栏目视频

     ཅང་སུའུ་ནན་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་དུག་རྫས་ཞིབ་དཔྱད་ཚད་ལེན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀྲུང་ཧུའེ་ཡིས། མིག་སྨན་དང་འདྲ་བ་འདི་དོན་དངོས་སུ་དུག་རྫས་གསར་པ་ཞིག་ཡིན། ཚོད་ལྟ་ཁང་གིས་རྫས་འགྱུར་བརྟག་དཔྱད་བྱས་པ་ལྟར་ན། འདིའི་ནང་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་“γ-ཆའང་གཞི་ང་སྐྱུར་”བསྲེས་ཡོད་འདུག་པས། དེའི་ཐིགས་པ་འགའ་རེས་ཀྱང་སྐར་མ་ཁ་ཤས་ནང་གཉིད་འཐིབས་པར་བྱེད་ནུས་ཤིང་། དབང་ཤེད་ཉམས་ཏེ་གཉིད་ལས་སད་དུས་ཅི་བྱས་མི་དྲན་པ་ཡིན་ཞེས་བཤད། 

     དུག་རྫས་དེ་ཀ་ར་གོ་རེ་སོགས་ཟས་རིགས་སྣ་ཚོགས་སུ་བསྲེས་ནས་བེད་སྤྱོད་བཞིན་ཡོད་ལ། མདོག་མི་འདྲ་བའི་གཤེར་གཟུགས་བླུགས་ཡོད་པའི་ཤེལ་དམ་ལྔ་པོ་དེ་ནི་ཉེན་རྟོག་པས་དྲ་འབྲེལ་དུག་རྫས་ཀྱི་གྱོད་གཞི་ཆེན་པོ་ཞིག་རྩད་གཅོད་བྱེད་སྐབས་ལག་སོན་བྱུང་བའི་དངོས་དཔང་ཡིན།

     ནན་ཅིང་ཉེན་རྟོག་ཕྱོགས་ཀྱིས། ཁོང་ཚོས་2019ལོའི་ཟླ་དང་པོར་དྲ་རྒྱའི་སྐོར་ཞིབ་བྱེད་སྐབས་སྐད་འཕྲིན་བརྒྱུད་ནས་དུག་རྫས་འཚོང་བའི་དོགས་ཡོད་ཉེས་ཅན་ཀྲུའུ་ཆེ་གེ་མོར་དོ་སྣང་བྱུང་ལ། ཁོས་ཁ་བརྡ་བྱེད་སྐབས་དུག་རྫས་ལ་“མིག་སྨན་ཆུ་”དང་“ཁ་ཉན་སྨན་ཆུ་”རུ་འབོད་པ་དང་། ཐིགས་པ་གཅིག་གིས་ཕ་རོལ་པོའི་དབང་ཤེད་ཉམས་སུ་འཇུག་ཐུབ་ཚུལ་བཤད། ཉེན་རྟོག་ཕྱོགས་ཀྱིས་མྱུལ་ཞིབ་བྱས་པས་དུག་རྫས་བཟོ་འཚོང་ཚོགས་པ་ཞིག་རྩད་ཆོད།

     ཅང་སུའུ་ནན་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་དུག་འགོག་རུ་ཆེན་གྱི་སློབ་སྟོན་པ་ཀུང་ཁའེ་ཡིས། རིམ་པ་དང་པོ་ནི་དུག་རྫས་བཟོ་མཁན་རེད། ཁོས་གཙོ་བོ་ས་ཆ་གཞན་ནས་སྨན་རྫས་ཁ་ཤས་ཉོས་ནས་ལས་སྣོན་དང་ཐུམ་སྒྲིལ་བྱས་རྗེས་འོག་རིམ་ལ་འཚོང་གི་ཡོད། ཁོའི་འོག་ཏུ་ཚབ་འཚོང་མཁན་རིམ་པ་མང་པོ་ཡོད་ལ་དེ་ཚོས་རིམ་པ་རེ་རེ་བཞིན་གཤམ་འོག་ཏུ་བརྒྱུད་འཚོང་བྱེད་བཞིན་ཡོད། 

     ཉེན་རྟོག་ཕྱོགས་ཀྱིས་རིམ་པ་རེ་རེ་བཞིན་རྩད་བཅད་པས་གྱོད་འབྲེལ་མི་སྣའི་མིང་ཐོ་ཞིག་བཟོ་ཐུབ་པ་བྱུང་ལ། གྱོད་འབྲེལ་མི་སྣ་900ལྷག་འདུག 2019ལོའི་ཟླ་8པར། ཉེན་རྟོག་ཕྱོགས་ཀྱིས་གྱོད་འབྲེལ་མི་སྣ་104འཛིན་བཟུང་བྱས་པ་དང་དེ་ལས་མི་100ལ་ཉེས་དོན་གྱི་བཙན་ཤེད་བྱ་ཐབས་སྤྱད་པས། དུག་བཟོའི་རྒྱུ་ཆ་སྣ་ཚོགས་ཁེ་6700ལྷག་རྩད་ཆོད།

     ཀུང་ཁའེ་ཡིས། ནན་ཅིང་གི་ཀྲུའུ་ཆེ་གེ་མོ་ཁོ་ནར་མཚོན་ན་ཟླ་རེར་འཚོང་ཐེངས་བརྒྱ་ཕྲག་དུ་མ་རྒྱུག་གི་ཡོད་ལ། ཚབ་ཚོང་བའི་འོག་ཏུ་ད་དུང་ཚབ་ཚོང་བ་ཡོད་པས་དུག་རྫས་ཧ་ཅང་འབོར་ཆེན་འཚོང་བཞིན་ཡོད་ཅེས་ཟེར།

དུག་རྫས་གྱོད་གཞིའི་ནང་བུད་མེད་མང་པོར་གནོད་འཚེ་ཕོག་པ། 

     གྱོད་གཞི་རྩད་ཆོད་བྱེད་པའི་བརྒྱུད་རིམ་ཁྲོད། དུག་རྫས་འདི་དང་འབྲེལ་ཡོད་ཀྱི་བུད་མེད་ལ་བཙན་གཡེམ་ཕོག་པའི་གྱོད་གཞི་བཅུ་ལྷག་ཤེས་རྟོགས་བྱུང་ལ། དེ་ལས་ཕལ་མོ་ཆེ་ནི་དྲ་གྲོགས་ཐུག་འཕྲད་བྱེད་སྐབས་གནོད་འཚེ་ཕོག་པ་ཡིན་འདུག 

 

△央视财经《第一时间》栏目视频

      ཉེན་རྟོག་ཕྱོགས་ཀྱིས་རྩད་ཆོད་པ་ལྟར་ན། དུག་རྫས་འཚོང་མཁན་ཁག་གཅིག་གིས་ཉོ་མཁན་ལ་དུག་རྫས་ཀྱི་ཕན་འབྲས་དྲིལ་བསྒྲགས་བྱེད་རོགས་བྱ་དགོས་པའི་རེ་བ་བཏོན་པས། ཉོ་མཁན་ཁ་ཤས་ཀྱིས་བུད་མེད་དྲ་གྲོགས་མགོ་སྐོར་བཏང་ནས་དུས་རྫས་བླུགས་པ་དང་། དབང་ཤེད་ཉམས་རྗེས་བཙན་གཡེམ་བྱས་པ་མ་ཟད་བརྙན་དང་པར་བླངས་ཡོད་འདུག

      ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཉོ་མཁན་གྱི་མིང་ཐོར་གཞིགས་ནས་མྱུལ་ཞིབ་བྱས་པས། བཙན་གཡེམ་གྱི་གྱོད་གཞི་10དང་སུན་བཙེར་གྱོད་གཞི་གྱོད་གཞི་1རྩད་ཆོད་ཡོད་ཅིང་། མིག་སྔར་འབྲེལ་ཡོད་གྱོད་གཞི་དག་གྱོད་གཞི་ཐོན་སའི་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད། 

      ཉེན་རྟོག་པས་གསལ་འདེབས་ཞུ་དོན། མཚར་སྣང་སྐྱེ་བའམ་དྲ་ཐོག་ཉོ་འཚོང་རྩད་གཅོད་བྱེད་དཀའ་བར་འདོད་པ་སོགས་ཀྱིས་དུག་རྫས་ཉོ་མི་རུང་། གལ་སྲིད་ཉོ་སྒྲུབ་བྱས་ཚེ་བདེ་འཇགས་ཀྱི་གྱོད་གཞི་ཐོན་ཉེན་ཡོད་པ་མ་ཟད་ཐ་ན་ཉེས་དོན་གྱོད་གཞིའང་ལྷགས་སྲིད། གཞན་ཡང་། མི་རྣམས་ཀྱིས་ཕྱི་རོལ་དུ་འདུ་འཛོམས་བྱེད་སྐབས་ཁ་ཟས་སོགས་ལ་གཟབ་གཟབ་བྱ་དགོས།

     ཀུང་ཁའེ་ཡིས། ཨར་ཁང་དང་KTVསོགས་ལ་འགྲོ་དུས་དང་དྲ་གྲོགས་རྒྱུས་མེད་ལ་ཐུག་འཕྲད་བྱེད་སྐབས་ངེས་པར་རང་གི་ཁ་ཟས་ཀྱི་བདེ་འཇགས་ལ་དང་དོད་བྱེད་དགོས། གལ་ཏེ་བུད་མེད་གྲོགས་པོར་གནོད་འཚེ་ཕོག་ཚེ་ངེས་པར་དུ་འཕྲལ་མར་ཉེན་བརྡ་བཏང་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་དགོས་ཞེས་བཤད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བསྟན་རྒྱམ།

中央广播电视总台 央广网 版权所有

“མིག་སྨན་”འདི་དག་དུག་རྫས་ཡིན་པས་བུད་མེད་མང་པོར་གནོད་འཚེ་ཕོག་འདུག