ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཉིན་འདི་དག་རིང་། རྟའུ་རྫོང་ལ་གནས་ཚུལ་གང་འདྲ་ཐོན་བཞིན་ཡོད།

2020-02-13 15:16:04     责编:娜科

པར་རིས་འདི་དྲ་ཐོག་ནས་བཤུས།

 

རྒྱལ་ཡོངས་གོང་འོག་ཀུན་གྱིས་ཀུན་སེམས་གཅིག་ཏུ་སྒྲིལ་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་བཅོས་ཀྱི་དམག་འཐབ་རྒྱག་བཞིན་པའི་སྐབས་སུ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཡང་རིམས་འགོག་འཐབ་ས་གལ་ཆེན་ཞིག་ཏུ་གྱུར་ནས། བོད་ཁུལ་གྱི་མང་ཚོགས་ཙམ་མ་ཟད། རྒྱལ་ཡོངས་མི་དམངས་ཀུན་གྱིས་དོ་ཁུར་དང་རྒྱབ་སྐྱོར་བྱ་ཡུལ་དུ་གྱུར་ཡོད། འོ་ན། ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཐོག་མར་གཏན་འཁེལ་བྱུང་བ་ནས་ད་ལྟའི་བར་གྱི་ཉིན་འདི་དག་རིང་། རྟའུ་རྫོང་དུ་གནས་ཚུལ་གང་འདྲ་ཐོན་བཞིན་ཡོད་དམ་ཞེ་ན།

ཁྲོམ་གཞུང་ནས་མང་ཚོགས་ཀྱི་ཚ་དྲོད་འཇལ་བཞིན་པ།

 

སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་24ཉིན། བྱེས་ནས་ཕྱིར་ཕ་ཡུལ་རྟའུ་རྫོང་དུ་ལོག་པའི་སྐྱེས་པ་འཇམ་ཆེ་གེ་མོར་ཚ་བ་རྒྱས་ནས་རྟའུ་རྫོང་མི་དམངས་སྨན་ཁང་དུ་སྨན་པ་བསྟེན་པར་ཕྱིན་པ་དང་། སྨན་ཁང་གིས་འཕྲལ་མར་ལོགས་སུ་བཀར་ནས་སྨན་བཅོས་བྱས།

ལས་དོན་མི་སྣས་རླངས་འཁོར་དུག་སེལ་བྱེད་བཞིན་པ།

 

སྤྱི་ཟླ་1པོའི་ཚེས་27ཉིན། ཏོག་གསར་གློ་ཚད་སྨན་བཅོས་ཇུས་གཞི་ཡི་གཏན་འབེབས་གཞིར་བཟུང་ཐོག ནད་དཔེའི་ནད་ཐོག་མངོན་ཚུལ་ལ་གཞིགས་པ་དང་། རིམས་ནད་རིག་པའི་ལོ་རྒྱུས་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་འབྲས་བུ་དང་ཟུང་འབྲེལ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་གཏན་འཁེལ་བྱེད་མཁན་ཆེད་རམས་པའི་ཚོ་ཆུང་གིས་དཔྱད་དཔོག་བཅས་བྱས་རྗེས།  ནད་པ་དེ་རྟའུ་རྫོང་གི་གཞན་ནས་འགོས་པའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཐོག་མ་དེ་ཡིན་པ་གཏན་འཁེལ་བྱས་པ་མ་ཟད། དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་སྤོས་ནས་སྡོད་བཅོས་བྱས་ཡོད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཐོན་རྗེས། རྟའུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མྱུར་མོར་འཕྲལ་སྡོམ་ཇུས་གཞི་བཏོན་ནས། དུས་ཚོད་ཐུང་ཤོས་ནང་འགོ་ཁྲིད་ཚོ་ཆུང་དང་བཀོད་འདོམས་པུའུ་བཙུགས་པ་དང་། དུས་ཐོག་ཏུ་ཆེད་མཁས་ཚོ་ཆུང་སྒྲིག་འཛུགས་བྱས་ནས་རིམས་ནད་འགོག་བཅོས་ལས་དོན་སྤེལ་འགོ་ཚུགས། དེ་ཉིན། རྟའུ་རྫོང་གིས་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་ཐོན་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་འགོ་ཚུགས་ཡོད་པ་རེད།

ཤང་ཁག་བར་རིམས་ནད་ཞིབ་བཤེར་ས་ཚིགས་བཙུགས་པ།

 

སྤྱི་ཟླ་2པའི་ཚེས་2ཉིན། དཀར་མཛེས་ཁུལ་ཡོངས་ལ་བསྡོམས་པའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་6ཟིན་པ་དང་། རྟའུ་རྫོང་ལ་བསྡོམས་པའི་ནད་དཔེ་2ཐོན་ཡོད།རྟའུ་རྫོང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་བཀོད་འདོམས་པུའི་བརྡ་ཐོཨང་དང་པོཞེས་པ་བཀྲམ་ནས། རྫོང་ཡོངས་ཀྱི་ཤང་གྲོང་ཚང་མ་བཀག་སྡོམ་བྱ་རྒྱུ་དང་། དགོན་སྡེ་ཁག་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་བཀག་སྡོམ་བྱེད་པ། རྫོང་ཡོངས་ཀྱི་ལས་ཁུངས་གང་རུང་གིས་འདུ་འཛོམས་བྱས་ནས་གཞུང་སྒྲུབ་བྱེད་མི་ཆོག་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་རིམས་ནད་འགོག་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད།

སྤྱི་ཟླ་2པའི་ཚེས་4ཉིན།རིམས་འགོག་གི་འཐབ་ས་དང་པོར་ཡོད་པའི་སྨན་དོན་མི་སྣ་དང་རྒྱ་ཆེའི་ནད་པར་འགན་སྲུང་ཡག་པོ་བྱ་ཆེད། རྟའུ་རྫོང་གི་ཁ་རས་དང་དུག་སེལ་སྨན་ཆུ་སོགས་སྨན་སྤྱོད་ཅ་ལག་ཁག་བཀོལ་སྤྱོད་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ནས་སྨན་རྫས་ཁག་ཅིག་གནས་སྐབས་མི་འདང་བའི་གནས་ཚུལ་བྱུང་། གནད་དོན་དེར་དམིགས་ཏེ་རྟའུ་རྫོང་མི་དམངས་སྨན་ཁང་གིས་སྤྱི་ཚོགས་ཡོངས་ཀྱི་ཞལ་འདེབས་དང་ལེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། བོད་ཁུལ་གྱི་ཚོགས་པ་དང་མི་སྒེར་མང་པོ་ཞིག་གིས་སྨན་དོན་མི་སྣ་མངག་གཏོང་དང་། སྨན་སྤྱད་དངོས་རྫས་མངག་ཉོ། དངུལ་སྨར་འབུལ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞལ་འདེབས་སུ་ཕུལ་ཏེ།རྟའུ་ཡིས་རིམས་ནད་འགོག་སྲུང་ལས་དོན་ཁྲོད་ཧུར་ཐག་ཞུགས་ཡོད། དེ་ཉིན། ཏོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་ནན་འགོག་བྱ་ཆེད། རྟའུ་རྫོང་གིས་ད་དུང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་བཀོད་འདོམས་པུའི་བརྡ་ཐོཨང་གཉིས་པཞེས་པ་བཀྲམ་ནས། རྫོང་ཡོངས་ཀྱི་མང་ཚོགས་ལ་ཁྱིམ་སྡོད་རིགས་དབྱེའི་བྱ་ཐབས་སྤྱད་དེ་དོ་དམ་བྱས་པ་མ་ཟད། ཤང་ཁག་ལྔ་དང་གྲོང་རྡལ་གཅིག་གི་གྲོང་མིའི་འགྲོ་འོང་ལ་ཐོ་འགོད་སྙན་སེང་ཞུ་དགོས་པའི་ལམ་ལུགས་ལག་བསྟར་བྱས། རྫོང་ཡོངས་ཀྱི་འཕྲོད་བསྟེན་སྨན་ཁང་དང་སྨན་ཚོང་ཁང་སོགས་སུ་ཚ་བ་རྒྱས་པའི་ནད་པ་བསྡུ་ལེན་དང་སྨན་བཅོས་བྱེད་མི་ཆོག་པ་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས།

སྤྱི་ཟླ་2པའི་ཚེས་7ཉིན།རྟའུ་རྫོང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་ལས་དོན་སྤེལ་རིང་།རྟའུ་རྫོང་གི་དགོན་སྡེ་དོ་དམ་ཨུ་ལྷན་ཞིག་གི་ཀྲུའུ་རེན་ཉི་མ་དང་།ལས་བྱེད་པ་བློ་བཟང་རྒྱལ་མཚོ་གཉིས་ཀྱིས་ལས་དོན་དོན་ཐོག་ཏུ་མི་འཁྱོལ་ཞིང་།ལས་གནས་ནས་རང་དགར་བྲལ་བས་གྱོད་དོན་ཐོ་འགོད་ཀྱི་རྟོག་ཞིབ་བྱེད་འགོ་བཙུགས།

སྤྱི་ཟླ་2པའི་ཚེས་8ཉིན།རིམས་ནད་འགོག་བཅོས་ཐད་འགག་སྒྲོལ་ཐུབ་ཆེད།རྟའུ་རྫོང་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས།སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་སྨན་དོན་མི་སྣ་རྣམས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ཆེད་མཁས་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་རྟའུ་རྫོང་དུ་བསྐྱོད་ནས་རིམས་ནད་འགོག་བཅོས་ཀྱི་ལས་ལ་གཞོལ།ཐེངས་འདིའི་ཆེད་མཁས་པའི་སྡེར་ཁྱོན་ཁོངས་མི་9ཡོད་ཅིང་།དེ་དག་སོ་སོ་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་ཆེད་མཁས་པ་3དང་།ཁྲེང་ཧྥེ་སྨན་ཁང་གི་ཆེད་མཁས་པ་4དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཆེད་མཁས་པ་2བཅས་ཡིན་པ་རེད།

སྨན་དོན་ཆེད་མཁས་པ་རྟའུ་རུ་ཕེབས་པ།

 

སྤྱི་ཟླ་2པའི་ཚེས་9ཉིན། དཀར་མཛེས་ཁུལ་ལ་ཉིན་གཅིག་ནང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་པ་6མང་དུ་ཕྱིན་ཡོད་པ་དང་། ནད་པ་དྲུག་པོ་ནི་རྟའུ་རྫོང་གི་མི་ཡིན་ཞིང་། རྟའུ་རྫོང་ལ་བསྡོམས་པའི་ནད་པ་18ཟིན་ཡོད་པ་རེད། 

སྤྱི་ཟླ་2པའི་ཚེས་10ཉིན། རྟའུ་རྫོང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འབྲེལ་ཡོད་བརྡ་ཐོ་བཏང་ནས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་ཐེར་འདོན་དང་གཟེངས་བསྟོད་ཆད་འགེལ་ལམ་སྲོལ་བཙུགས་ཡོད། རིམས་ནད་འགོས་ཁུངས་ཀྱི་ཁུངས་སྣེ་ཡང་དག་དང་ཐེར་འདོན་གོང་ཞུ་བྱེད་མཁན་་དང་ཁྱིམ་སྡོད་ལོགས་བཀར་གྱི་མི་སྣ་ལོགས་དབྱེའི་དུས་ཚོད་མ་ཚང་བར་རང་དགར་ཕྱིར་སྐྱོད་པའི་བྱ་སྤྱོད་རིགས་ཀྱི་ཁུངས་སྣེ་མཁོ་འདོན་བྱེད་མཁན། དེ་བཞིན་ཡམས་ཁུལ་ནས་ཡོང་བའི་མི་སྣ་ཁྱིམ་དུ་བསྡད་དེ་གསོ་རིག་བརྟག་དཔྱད་མི་བྱེད་པའི་མི་སྣ་ཐེར་འདོན་བྱེད་མཁན། སྒྲིག་འགལ་ངང་གཉེན་སྟོན་དང་ཁང་སྟོན་སོགས་འདུ་འཛོམས་བྱ་སྤྱོད་སྤེལ་བ་ཐེར་འདོན་བྱེད་མཁན་དག་ལ་ཁག་སོ་སོར་སྒོར་ལྔ་ཁྲི་ནས་ལྔ་སྟོང་བར་གྱི་བྱ་དགའ་སྟེར་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། རིམས་ནད་སྦ་གསང་དང་གོང་ཞུ་འགོར་འགྱང་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་གཅོད་རྒྱུའི་ཐག་གཅོད་བྱས་ཡོད།

 

དེ་ཉིན། རྟའུ་རྫོང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་པ་དང་པོ་འཇམ་ཆེ་གེ་མོའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་བ་དང་། མཐར་གསོ་རིག་ཆེད་མཁས་པས་བརྟག་དཔྱད་བྱས་ནས་ཐག་བཅད་པ་བརྒྱུད། མཐར་དཀར་མཛེས་ཁུལ་མི་དམངས་སྨན་ཁང་ནས་ཐོན་པ་རེད།

ཏོག་གསར་གློ་ཚད་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པ།

 

སྤྱི་ཟླ་2པའི་ཚེས་11ཉིན། རྟའུ་རྫོང་ནས་ཏོག་གསར་གློ་ཚད་ནད་པ་9མང་ཕྱིན་ཡོད་པ་དང་། བསྡོམས་པའི་ནད་པ་31ཟིན་ཡོད། མང་དུ་ཕྱིན་པའི་ནད་པ་མང་པོ་ཞིག་ནི་ཁྱིམ་ཚང་གསུམ་གི་ཁོངས་མི་བར་ཕན་ཚུན་འགོས་པ་ཡིན་ཞིང་།འགོས་ཁྱབ་ཆེན་པོ་འགྲོ་བའི་སྣང་ཚུལ་ཐོན་མེད་པ་རེད།

ལོགས་བཀར་མི་སྣར་ཟ་མ་གྲ་སྒྲིག་བྱེད་བཞིན་པ།

 

 

སྤྱི་ཟླ་2པའི་ཚེས་12ཉིན། རྟའུ་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཛ་དྲག་ཆེ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་འོག རྟའུ་རྫོང་གི་ཚོང་ཁྲོམ་དང་ཚོང་ཁང་ཁག་ཏུ་འཚོ་བའི་ཡོ་བྱད་མཁོ་འདོན་བྱེད་ཚད་འདང་ངེས་ཡིན་ཞིང་ཟོག་གོང་བརྟན་པོ་ཡོད་པ་དང་། རྫོང་ཡོངས་ཀྱི་འབྲུ་རིགས་གྲབས་གསོབ་བྱེད་ཚད་ཏུན་༢༠༠༡དང་བཟའ་སྣུམ་ཏུན་༡༡ བཟའ་ཚྭ་ཏུན་༢༣ སྔོ་ཚལ་རིགས་ཏུན་༡༡ ཕག་ཤ་ཏུན་༥བཅས་ཡིན་པ་དང་། དེ་རྗེས་ད་དུང་དུས་ཚོད་ངེས་མེད་ཐོག་ནས་ཚོང་ཟོག་ཡོང་ཁུངས་གསབ་བྱས་ནས་རྫོང་ཡོངས་ཀྱི་མི་དམངས་ཀྱིས་རིམས་ནད་རིང་གི་གཞི་རྩའི་འཚོ་བའི་དགོས་མཁོར་འགན་ལེན་བྱེད་བཞིན་ཡོད་པ་རེད།

རྟའུ་ཡི་ཚལ་ཁྲོམ།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ།

སྒྲིག་སྒྱུར། བཀྲ་ཤིས་རྡོ་རྗེ།

中央广播电视总台 央广网 版权所有

ཉིན་འདི་དག་རིང་། རྟའུ་རྫོང་ལ་གནས་ཚུལ་གང་འདྲ་ཐོན་བཞིན་ཡོད།