ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རྒྱལ་ས་པེ་ཅིང་དང་བོད་ལྗོངས་ས་མཐོ་སྦྲེལ་བའི་ཁྱད་ལྡན་སློབ་གྲྭ།

2020-01-14 15:37:00     责编:卓玛才让

 

您的浏览器不支持 audio标签

   

     ཉེ་བའི་ལོ་ཤས་ནང་ཀྲུང་དབྱང་དང་ནང་སའི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་སྟུན་ནས་བོད་ཀྱི་བུ་ཕྲུག་མང་པོ་ཞིག་ནང་སའི་གྲོང་ཁྱེར་ཆེ་ཁག་ལ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། ཕྲུ་གུ་མང་དག་ཞིག་ལ་ནང་སའི་སྔོན་ཐོན་གྱི་སློབ་གསོ་མྱོང་རྒྱུ་དང་བལྟ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་རྒྱུ་སོགས་ཀྱི་ཐད་ཕན་པ་དངོས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་རེད།  ན་ནིང་། པེ་ཅིང་གྲོང་ཁྱེར་ཧྲེ་ཅིང་ཧྲན་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་པེ་ཅིང་རྒྱལ་སའི་དགེ་འོས་སློབ་ཆེན་ཕིང་ཀོའོ་ཡོན་སློབ་འབྲིང་གིས་2019ལོའི་བོད་ལྗོངས་འཛིན་གྲྭ་གཉེར་འགན་འཁུར་རྒྱུའི་གཏན་འཁེལ་བྱས་པ་དང་། སྤྱི་ལོ་2019ལོའི་ཟླ་8ཚེས་30ཉིན་བོད་ལྗོངས་འཛིན་གྲྭ་ཁག་དང་པོའི་སློབ་མ་31དངོས་སུ་སློབ་གྲྭར་ཞུགས་ཡོད་པ་རེད། 

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱབ་པའི་བོད་ལྗོངས་འཛིན་གྲྭའི་སློབ་ཕྲུག་གི་མཉམ་པར།

     སྤྱི་ཟླ་1ཚེས་12ཉིན་སློབ་འབྲིང་དེའི་བོད་ལྗོངས་འཛིན་གྲྭའི་སློབ་མ་རྣམས་རྒྱལ་ས་པེ་ཅིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་སློབ་དུས་དང་པོ་མཇུག་འགྲིལ་ཏེ་བོད་ལྗོངས་སུ་ཕྱིར་ལོག་བྱེད་པའི་སྐབས་དང་སྟུན་ནས་གསར་འགོད་པས་ལྷ་ས་མེ་ཁོར་འབབ་ཚུགས་སུ་དགེ་སློབ་ཚོར་སློབ་གྲྭའི་གཞི་རྩའི་གནས་ཚུལ་དང་། ཕྲུ་གུ་ཚོ་ནང་སར་སླེབས་རྗེས་ཀྱི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་སྐོར་ལ་བཅར་འདྲིར་བསྐྱོད་པ་ཡིན།

གསར་འགོད་པ་སྤེན་པ་རྒྱ་མཚོས་སློབ་སྤྱི་གཞོན་པ་ཡན་ལིད་མེན་ལ་བཅར་འདྲི་ཞུ་བཞིན་པ།

     གསར་འགོད་པས་ཕིང་ཀོའོ་ཡོན་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཡན་ལིད་མེན་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་འགོ་བཙུགས་རྗེས་སློབ་འབྲིང་དེས་དང་ཐོག་མར་རྨང་གཞི་འགན་ལེན་བྱེད་པའི་ཐད་ཤུགས་སྣོན་རྒྱག་འགོ་བཙུགས་ཡོད་ཅིང་།  བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ཆ་རྐྱེན་ལ་གཞིགས་པ་དང་སློབ་གྲྭའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་དང་འབྲེལ་ཡོད་ཆ་རྐྱེན་སྒྱུར་བཀོད་དང་གྲ་སྒྲིག་བྱས་པ་དང་ཉལ་ཁང་གི་སྒོ་དང་། ནུས་མང་ཚོམས་ཆེན། དཔེ་མཛོད་ཁང་དང་སློབ་ཁང་གི་སྒོ་སྒེའུ་ཁུང་བཅས་བརྗེས་པ་དང་། ཉལ་ཁང་ཐོག་ཁང་གི་བཙའ་མི་རྒྱག་པའི་ལྕགས་ཀྱི་སྲུང་ར་དང་། ཉལ་ཁང་ཐོག་ཁང་གི་མངོན་མེད་སེང་རས་དང་སྒེའུ་ཁུང་། ཉལ་ཁང་གི་འཐུང་ཆུའི་སྒྲིག་ཆས། གསང་སྤྱོད་ཀྱི་དྲི་སེལ་དུག་སེལ་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱས་པ། ཉལ་ཁང་གི་ཉལ་གདན་དང་། གོས་སྒམ། བོད་ལྗོངས་གཞུང་ལས་ཁང་གི་གཞུང་ལས་ཁྱིམ་ཆས་སོགས་ཉོ་སྒྲུབ་བྱས་ཡོད་ཅིང་གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་མངོན་འགྱུར་ཐུབ་ལ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་རྒྱུར་ཡང་འགན་ལེན་བྱས་ཡོད་པ་རེད།

གསར་འགོད་པ་སྤེན་པ་རྒྱ་མཚོས་སློམ་མ་བསྟན་འཛིན་དབང་མོར་བཅར་འདྲི་ཞུ་བཞིན་པ།

     དེ་མིན་ད་དུང་སློབ་ཕྲུག་ཚོའི་འཚོ་བའི་ཐད་འགན་སྲུང་བྱེད་རྒྱུར་སྔ་ཕྱི་བར་གསུམ་དུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མྱོང་མེད་པ་རེད། སློབ་གྲྭས་རིན་པ་མི་དགོས་པར་སློབ་ཕྲུག་ཚོར་དུས་ཚིགས་མི་འདྲ་བའི་སློབ་གོས་དང་། ཉལ་ཆས་། དཔེ་ཁུག འཚོ་བའི་མཁོ་ཆས་སོགས་ཉོས་པ་དང་། སློབ་ཁྲིད་དཔྱད་ཡིག་དང་དཔེ་དེབ་མཁོ་འདོན་བྱས་པ་རེད། དེ་མིན་ད་དུང་སློབ་ཕྲུག་ཚོར་སྟབས་བདེ་བསྐྲུན་ཆེད་རྒྱལ་སའི་ཧྲའོ་ཀང་སྨན་ཁང་དང་འབྲེལ་བ་བྱས་ཏེ་སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་ཡང་བཙུགས་ཡོད་པ་རེད།  བོད་རིགས་སློབ་མའི་བཟའ་བཏུང་གོམས་གཤིས་ལ་བསྟུན་ནས་བཟའ་བཏུང་བདེ་ཐང་འགན་ལེན་བྱ་ཆེད། སློབ་གྲྭས་སློབ་མར་རིན་མེད་ངང་ཉིན་རེའི་ལྟོ་དུས་གསུམ་མཁོ་འདོན་བྱས་པའི་རྨང་གཞིའི་ཐོག་དགོང་མོའི་རང་སྦྱོང་རྗེས་ཀྱི་མཚན་ཟས་ཡང་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། གཟུགས་པོ་འཁྲུ་ས་དང་། འཐུང་ཆུ་ལེན་ས། དྲོད་སྙོམས་འཕྲུལ་ཆས། མཁའ་དབུགས་གཙང་འགྱུར་སོགས་ཀྱི་སྒྲིག་ཆས་གསར་པ་བརྗེས་ནས་སློབ་མའི་བདེ་ཐང་དང་འཕྲོད་བསྟེན་ཁྱོན་ཡོངས་ནས་འགན་ལེན་བྱས་པ་རེད། 

དགེ་སློབ་རྣམས་ལྷ་སའི་མེ་ཁོར་འབབ་ཚུགས་སུ་འབྱོར་བའི་རྣམ་པ།

མ་དང་བུ་མོ་མཉམ་འཛོམས་ཀྱི་དགའ་སྤྲོ།

     སློབ་ཕྲུག་ཚོའི་སློབ་རའི་འཚོ་བ་ཕུན་སུམ་ཚོགས་པོ་དང་ལུས་སེམས་བདེ་ཐང་འགན་ལེན་བྱ་ཆེད། སློབ་འགོ་ཚུགས་ཚུན། སློབ་གྲྭའི་གཅིག་གྱུར་བཀོད་སྒྲིག་གི་བྱེད་སྒོའི་ནང་ཞུགས་པ་ཕུད། ད་དུང“ཟླ་མཆོད་དུས་ཆེན་ལ་བརྩེ་བ་ཟབ་མོ་བཅངས”ཞེས་པའི་ཟླ་བར་ལྟ་བ་དང་ཟླ་མཆོད་བག་ལེབ་བཟོ་བའི་བྱེད་སྒོ་སྤེལ་བ་དང་། གནམ་རིག་ལྟ་དཔྱད་ཚད་འཇལ་གྱི་བྱེད་སྒོ་སྤེལ་བ། སློབ་མ་ཁག་གཅིག་ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་རུ་ཁག་ནང་ཞུགས་པ། ཟླ་བ་རེར་གཟའ་ཉི་མར་ཕྱིར་བསྐྱོད་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཐེངས་རེ་སྤེལ་བ་སྟེ། དཔེར་ན་གནའ་བོའི་ཕོ་བྲང་ཞིབ་འཇུག་སྐོར་གྱི་སློབ་སྦྱོང་༼ཀྲུང་གོའི་ཕུགས་འདུན་གྱི་ལོ་70འཁོར་བའི་ལོ་རྒྱུས་༽ཞེས་པ་དང་།  ཆིང་ཧྭ་ཞིབ་འཇུག་སྐོར་གྱི་སློབ་སྦྱོང་༼ལོ་བརྒྱའི་སློབ་གྲྭ་དང་། ཚན་རིག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གལ་ཆེ་མཉམ་དུ་འཛིན་༽ཞེས་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

གསར་འགོད་པ་སྤེན་པ་རྒྱ་མཚོས་སློབ་མ་པ་སངས་རྡོ་རྗེར་བཅར་འདྲི་ཞུ་བཞིན་པ།

སློབ་གྲྭའི་བྱེད་སྒོར་ཞུགས་སྐབས་ཀྱི་བོད་རིགས་སློབ་མའི་མཉམ་པར།

     མདོར་ན་པེ་ཅིང་རྒྱལ་སའི་དགེ་འོས་སློབ་ཆེན་ཕིང་ཀོའོ་ཡོན་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭར་མིག་སྔར་ཀུན་སྤྱོད་བཟང་བ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁར་གཅེས་སེམས་ཀྱིས་ཕྱུག་པ་དང་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་བཀོད་སྒྲིག་བྱས་ཡོད་པ་མ་ཟད་སློབ་གྲྭའི་རྒྱུན་གཏན་གྱི་སྒྲིག་སྲོལ་སྒྲིག་ལམ་ཡང་ཧ་ཅང་ཡག་པོ་ཡོད་པས་བོད་ཀྱི་བུ་ཕྲུག་རྣམས་རྒྱལ་སར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གདམས་ག་ཡག་ཤོས་ཀྱི་གྲས་སུ་འགྱུར་བཞིན་ཡོད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། སྤེན་པ་རྒྱ་མཚོ།

中央广播电视总台 央广网 版权所有

རྒྱལ་ས་པེ་ཅིང་དང་བོད་ལྗོངས་ས་མཐོ་སྦྲེལ་བའི་ཁྱད་ལྡན་སློབ་གྲྭ།