ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཆོས་དཔལ་བཟང་པོ་སྔར་བཞིན་ཨེ་འགོག་ལམ་ན་ཡོད།

2019-12-02 09:10:00     责编:卓玛才让

ལོ་འཁོར་བཅུ་གཉིས་འདས་ཟིན་ཀྱང་། ཆོས་དཔལ་བཟང་པོ་སྔར་བཞིན་ཨེ་འགོག་ལམ་ན་ཡོད།

     བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིའི་ནང་ང་ཚོས་ཁྱེད་དང་ང་འདྲ་བའི་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་ལ་ཉན་བཞིན། མཉམ་དུ་བདེན་ལེགས་མཛེས་གསུམ་ལ་ཉམས་སུ་མྱོང་ཆོག

ཆོས་དཔལ་བཟང་པོ།

     དེ་རིང་གུས་མོས་ཁྱེད་ཀྱི་སྙན་ལམ་དུ་ཨེ་འགོག་རང་འདུན་པ་རྒན་ཆོས་དཔལ་བཟང་པོ་ལགས་ཀྱི་གཏམ་རྒྱུད་ཞུ་རྒྱུ་ཡིན། ལོ་ངོ་བཅུ་གཉིས་ཀྱི་གོང་དུ། ལས་དང་ལྟོས་དབང་ཞིག་གིས་ཁོང་ཉིད་ལས་དོན་འདིའི་ནང་ཞུགས་མོད། ལོ་ངོ་བཅུ་གཉིས་འགོར་རྗེས། ཁོང་གིས་ཨེ་འགོག་གི་ལས་ཀ་བྱ་རྒྱུ་དང་སྤྱི་ཕན་དགེ་ལས་བསྒྲུབ་རྒྱུ་དེ་ནི་ངའི་མི་ཚེ་ཧྲིལ་བོའི་དོན་སྙིང་ཡིན་ཟེར།

ས་ཕྱོགས་གང་སར་སྐྱེས་ཕོ་མོ་རྒན་གཞོན་ལ་བདེ་ཐང་གི་ཤེས་བྱ་དྲིལ་སྒྲོག་གནང་བཞིན་པའི་རྣམ་པ།

     དེ་རིང་སྤྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཏེ་འཛམ་གླིང་ཨེ་ཛི་ཉིན་མོར་ང་ཚོས་རྒན་ཆོས་དཔལ་བཟང་པོ་ལགས་ལ་བཅར་འདྲི་ཞུས་ནས། ཁོང་ཉིད་ལོ་ངོ་བཅུ་གཉིས་རིང་ཨེ་འགོག་རང་འདུན་པ་གནང་བའི་སེམས་ཚོར་གླེང་བ་དང་སྦྲགས། ཡང་སྙིང་ཨེ་ཛིའི་ནད་ལ་སྔོན་འགོག་དང་སྔོན་བརྟག་གང་འདྲ་བྱེད་དགོས་མིན། དེ་བཞིན་ཨེ་ཛི་ནད་པར་མཐོང་ཆུང་མི་བྱེད་པར་རོགས་རམ་བྱེད་དགོས་ཚུལ་སོགས་ཀྱི་ཐད་བཀའ་མོལ་གང་མང་གནང་ཡོད་པ་མ་ཟད། གསོན་ཡོད་དུས་ང་དང་ཤི་སོང་ན་ཁྱེད་ཅེས་ཁོང་ལ་ཤིན་ཏུ་ནས་ཤ་ཚ་བའི་ཆུང་མ་ལགས་ཀྱིས་རྒྱབ་སྐྱོར་གནང་ཚུལ་སོགས་ཞིབ་མོ་ཞུས་སོང་། ལེ་ཚན་གྱི་མཇུག་ཏུ་གསན་མཁན་གྲོགས་པོ་རྣམ་པའི་རེ་འདུན་ལྟར་གླུ་དབྱངས་སྙན་མོ་ཞིག་ཕུལ་ཡོད་པས། ཚང་མས་གསན་བཞེས་གནང་བར་དགའ་བསུ་ཞུ།

བོད་ཁུལ་གྱི་ཨེ་འགོག་ཞབས་ཞུ་ལྟེ་གནས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་ནི་གཤམ་གསལ་བཀོད་པའི་པར་རིས་དེ་རེད། ཚང་མས་མོས་མཐུན་ལྟར་དོ་སྣང་གནང་ཆོག

     སྐུ་ཉིད་ནས་དུས་ད་ལྟའི་བར་ལེ་ཚན་འདི་གསན་འཇོག་གནང་བར་ཁ་དྲོ་བཀྲ་ཤིས་ཞུ་བ་དང་ཆབས་ཅིག རྒན་ཆོས་དཔལ་བཟང་པོ་ལགས་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན། བརྗོད་ཀྱིས་མི་ལང་བའི་ཡི་རངས་དང་སྙིང་དབུས་ནས་བཅངས་པའི་དད་གུས་ཤིག་གིས་ཀུན་ཕན་དང་དགེ་བ། འགན་འཁྲི་དང་འོས་འགན། དེ་བཞིན་སྐྱེས་པ་པོ་ཞིག་གི་སྙིང་སྟོབས་དང་རྒྱུན་འཁོར་བཅས་ལ་འགྲེལ་བརྗོད་གང་ལེགས་གནང་བའི་གཏམ་རྒྱུད་འདི་རྒན་ཆོས་དཔལ་བཟང་པོ་ལགས་ཁོང་དང་ཨེ་འགོག་རང་འདུན་པ་ཡོངས་དང་བཅས་པའི་གསན་མཁན་གྲོགས་པོ་ཡོངས་ལ་ཕུལ་བ་ཡིན།

ཆོས་དཔལ་བཟང་པོ། ས་སྒང་འདིར་ཉི་འོད་ལྟར་འཚེར་བའི་དྲོད་སྣང་ཞིག

     གཞན་ཡང་། གལ་སྲིད་སྐུ་ཉིད་ལ་ཐུན་མིན་གྱི་གཏམ་རྒྱུད་དང་། ཐུན་མོང་གི་བརྩེ་བ་ཡོད་ན་ཐད་ཀར་འཕྲིན་སྟེགས་འདི་བརྒྱུད་ནས་ང་ཚོ་དང་འབྲེལ་བ་གནང་ཆོག ང་ཚོས་འདི་ནས་ཁྱེད་ཉིད་རེ་ཞིང་སྒུག་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བདེ་གཡང་།

中央广播电视总台 央广网 版权所有

ཆོས་དཔལ་བཟང་པོ་སྔར་བཞིན་ཨེ་འགོག་ལམ་ན་ཡོད།