ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

སྒྲིག་སྲོལ་གསར་པ་འདི་དག་གིས་ཁྱོད་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ངེས།

2019-12-01 09:25:00     责编:卓玛才让

     2019ལོ་མཇུག་འགྲིལ་བར་ད་དུང་ཟླ་བ་གཅིག་ཡོད། ཁྱོད་ཀྱིས་ལོ་འགོར་གཏན་ལ་ཕབ་པའི་འཆར་གཞི་ག་ཚོད་ད་དུང་འགྲུབ་མེད། སང་ཉིན་ནས་བཟུང་སླར་ཡང་གཏན་འབེབས་གསར་པ་ཁག་གཅིག་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། འཆད་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་བཟའ་བཅའི་ཐད་དྲིལ་བསྒྲགས་རྫུན་མ་བྱེད་པ་གཏན་འགོག་དང་། འཚོ་བའི་གད་སྙིགས་རིགས་ཆེན་པོ་4ལ་ལེགས་སྒྲིག་བྱ་རྒྱུ། སྨན་རྫས་དོ་དམ་བཅའ་ཁྲིམས་ཁག་གཉིས་དངོས་སུ་ལག་བསྟར་བྱ་རྒྱུ་སོགས་ཚུད་ཡོད།

སྒྲིག་སྲོལ་གསར་བ་འདི་དག་ང་ཚོ་ཚང་མར་འབྲེལ་བ་ཡོད།

  • ཟས་རིགས་ཉེན་མེད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།

     གསར་དུ་བཟོ་བཅོས་བརྒྱབ་པའི《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 《སྲོལ་ཡིག》ནང་འཆད་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཟས་རིགས་ལ་དྲིལ་བསྒྲགས་རྫུན་མ་བྱེད་མི་ཆོག་པ་དང་། ལུས་ཁམས་བདེ་སྲུང་ཟས་རིགས་མིན་པ་ལ་ལུས་ཁམས་བདེ་སྲུང་གི་ནུས་པ་ཡོད་ཅེས་བརྗོད་མི་ཆོག་པ། ཁྲིམས་ལྟར་ཐོབ་ཐང་གཏན་འཁེལ་བྱས་མེད་པའི་ཟས་རིགས་ཞིབ་དཔྱད་སྒྲིག་གཞི་ནས་བཏོན་པའི་ཟས་རིགས་ཞིབ་དཔྱད་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་ཆོག་པ་བཅས་ཁ་གསལ་བཏོན་ཡོད།

  • འཚོ་བའི་གད་སྙིགས་རིགས་དབྱེ་ནས་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱེད་པ།

     གསར་དུ་བཟོ་བཅོས་བརྒྱབ་པའི《འཚོ་བའི་གད་སྙིགས་རིགས་དབྱེའི་མཚོན་རྟགས》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་བཟོ་བཅོས་ནང་འཚོ་བའི་གད་སྙིགས་རིགས་དེ་ཚུར་བསྡུ་ཐུབ་པའི་དངོས་པོ་དང་། གནོད་ལྡན་གད་སྙིགས། ཐབ་ནང་གད་སྙིགས་བཅས་དང་དེ་བཞིན་གད་སྙིགས་གཞན་བཅས་རིགས་ཆེན་པོ་4དང་། ཤོག་བུའི་རིགས་དང་སྤོས་འགྱིག ལྕགས་རིགས་སོགས་རིགས་ཆུང་པ་ཁག་11ལ་ལེགས་སྒྲིག་བྱས་པ་དང་། ཆབས་ཅིག་དེ་མཚུངས་ཀྱི་རིས་དབྱིབས་མཚོན་རྟགས་ཀྱང་ལེགས་སྒྲིག་བྱས་པ་རེད།

  • སྤྱོད་མཁན་གྱི་ཨང་གྲངས་ཁྱེར་ནས་དྲ་བ་བརྗེ་སྒྱུར་བྱེད་པའི་ཁེ་དབང་ལ་འགན་སྲུང་བྱེད་པ།

    བཟོ་འཕྲིན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《ཨང་གྲངས་འཁྱེར་ནས་དྲ་བ་བརྗེ་བའི་ཞབས་ཞུའི་དོ་དམ་གཏན་འབེབས》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 《གཏན་འབེབས》ནང་གློག་འཕྲིན་ཁེ་ལས་ཀྱི་བཀག་འགོག་རང་བཞིན་གྱི་བྱེད་སྤྱོད་རིགས་དགུ་སྟེ། ཞབས་ཞུར་འགོག་རྐྱེན་བཟོ་བ་དང་། སྤྱོད་མཁན་གྱི་གདམ་གར་འགོག་རྐྱེན་བཟོ་བ། ཨང་གྲངས་འཁྱེར་ནས་དྲ་བ་བརྗེ་བར་འགོག་རྐྱེན་བཟོ་བ། འཕྲིན་གཏོང་ཞབས་ཞུའི་སྤུས་ཚད་དམའ་རུ་གཏོང་བ། བསྡུར་བ་བྱས་ཏེ་དྲིལ་བསྒྲགས་བྱེད་པ། དྲིལ་བསྒྲགས་རྫུན་མ་བྱེད་པ་སོགས་ཚུད་ཡོད།

  • སྨན་རྫས་དོ་དམ་བཅའ་ཁྲིམས་ཁག་གཉིས་ལག་བསྟར་བྱ་རྒྱུ།

     གསར་དུ་བཟོ་བཅོས་བརྒྱབ་པའི《སྨན་རྫས་དོ་དམ་བཅའ་ཁྲིམས》ཟླ་12ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བཅའ་ཁྲིམས་ཀྱིས་ལམ་ལུགས་ཇུས་འགོད་ཐད་ནས་གསར་གཏོད་ལ་སྐུལ་མ་གཏོང་བ་དང་སྨན་རྫས་གསར་པ་ཁྲོམ་རར་འདོན་མགྱོགས་སུ་བཏང་བ། དྲ་རྒྱའི་ཕྱིར་ཚོང་གི་སྨན་རྫས་ལ་དྲ་ཐོག་དང་དྲ་ཕྱིའི་ཚད་གཞི་གཅིག་མཚུངས་དང་གཞི་གཅིག་གི་ལྟ་སྐུལ་དོ་དམ་ཁ་གསལ་བཟོས་ནས། སྤྱི་དམངས་ཀྱི་བདེ་ཐང་ལ་དེ་བས་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་བྱེད་པ།

     དེ་དང་ཆབས་ཅིགརང་རྒྱལ་གྱི《རིམས་འགོག་སྨན་ཁབ་དོ་དམ་བཅའ་ཁྲིམས》ཐོག་མ་དེའང་དངོས་སུ་“ལས་གནས་”ཐོག་བསྐྱོད་རྒྱུ་ཡིན་པ་དང་། བཅའ་ཁྲིམས་ཀྱིས་རིམས་འགོག་སྨན་ཁབ་ལ་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས། ཁྲིམས་འགལ་ངང་རིམས་འགོག་སྨན་ཁབ་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པར། སྤྱིར་བཏང་གི་སྨན་རྫས་ལས་མཐོ་བའི་ཆད་གཅོད་བཀོད་སྒྲིག་བྱས་ཡོད།

  • བདེ་ཐང་འགན་བཅོལ་གྱི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ།

     གསར་དུ་བཟོ་བཅོས་བརྒྱབ་པའི《བདེ་ཐང་འགན་བཅོལ་དོ་དམ་བྱ་ཐབས》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 《བྱ་ཐབས》ནང་འགན་བཅོལ་ཀུང་སིས་བདེ་ཐང་འགན་བཅོལ་ཐོན་རྫས་ཕྱིར་ཚོང་བྱེད་སྐབས་འགན་བཅོལ་བྱ་ཡུལ་གྱི་ཁྱིམ་རྒྱུད་ནད་ཕུད་པའི་རྒྱུད་འཛིན་ཆ་འཕྲིན་གཞན་དང་། གཞི་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་དཔྱད་ཡིག་ཁྲིམས་འགལ་ངང་འཚོལ་བསྡུ་དང་བསྡུ་ལེན་བྱེད་མི་ཆོག་པ་དང་། འགན་བཅོལ་འགན་ལེན་གྱི་ཁྱབ་ཁོངས་སྒྲོ་འདོགས་བྱེད་མི་ཆོག་པ། འགན་འཁྲི་མེད་པ་བཟོས་བ་སྦ་གསང་བྱེད་མི་ཆོག་པ་བཅས་ཁ་གསལ་བཏོན་ཡོད།

  • ཁྲལ་འབྲེལ་ལས་དོན་གྱི་གོ་རིམ་སྔར་བས་སྟབས་བདེར་གཏོང་བ།

     ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་ཟླ་12ཚེས་1ཉིན་ནས་བཟུང་ཁྲལ་དོན་སྲིད་འཛིན་ཆོག་འཐུས་དོན་ཚན་ཁག་གཅིག་སྒྲུབ་གཉེར་གྱི་གོ་རིམ་སྔར་བས་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ་བསྟན་ཡོད། དེའི་ནང་ཁྲལ་དངུལ་འཇལ་སྤྲོད་དུས་འགྱངས་བྱེད་པ་སོགས་ཀྱི་དོན་ཚན་རེ་ཞུའི་ཡིག་ཆ་དང་། རྒྱུ་ནོར་བསྡུ་སྒྲིལ་སོགས་ཀྱི་དཔྱད་གཞི་སྐྱེལ་རྒྱུ་ཉུང་འཕྲི། ཁྲལ་དོན་ཡིག་རིགས་སྐྱེལ་སྤྲོད་ཀྱི་གོ་རིམ་སྟབས་བདེ་རུ་གཏོང་བ་སོགས་ཚུད་ཡོད།

  • ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།

     བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་པ་བཅོས་སྒྲིག་ནུས་ལྡན་བྱ་ཆེད། 《ཚོང་རྟགས་ཐོ་འགོད་རེ་ཞུ་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གཏན་འབེབས་འགའ་》 ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 《གཏན་འབེབས》ནང་། ཚོང་རྟགས་ཐོ་འགོད་སྡེ་ཚན་གྱིས་ཞིབ་བཤེར་བྱེད་རིང་མང་ཚོགས་ཀྱི་གནས་ཚུལ་དང་ཐེར་འདོན་ཁུངས་སྣེ་སོགས་ལ་གཞིགས་ནས་འབྲེལ་ཡོད་རེ་ཞུ་དེ་བསམ་ངན་ཁོངས་སུ་གཏོགས་པ་ཤེས་རྟོགས་བྱུང་ཚེ་ཕྱིར་སློག་བྱེད་དགོས་པ་བསྟན་ཡོད།

  • ཕྱི་རྒྱལ་བ་རྒྱལ་མཚམས་སྒྲོལ་སྐབས་ཐོངས་མཆན་འགོད་མི་དགོས་པའི་འགག་སྒོ་མང་དུ་གཏོང་བ།

     ཟླ་12ཚེས་1ཉིན་ནས་བཟུང་ཕྱི་རྒྱལ་བ་རྒྱལ་མཚམས་སྒྲོལ་སྐབས་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་བཀོལ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཁྲུང་ཆིང་དང་། ཤིས་ཨན། ཉིང་པོ་སོགས་གྲོང་ཁྱེར་20ཡི་འགག་སྒོ་27གྱིས་ས་མཚམས་སྒྲོལ་སྐབས་ཆུ་ཚོད་144རིང་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། ཁྲང་ཧྲ་དང་། ཀུའེ་ལིན། ཧའར་པིན་བཅས་གྲོང་ཁྱེར་3གྱི་འགག་སྒོ་གསུམ་དུ་ས་མཚམས་སྒྲོལ་སྐབས་ཆུ་ཚོད་72རིང་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

སྒྲིག་སྲོལ་གསར་པ་འདི་དག་གིས་ཁྱོད་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ངེས།