ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཀྲུང་གོའི་ལོང་བའི་རྐང་གྲུག་རུ་ཁག་གིས་ཡ་གླིང་གི་ཨང་དང་པོ་བླངས།

2019-10-09 09:10:00     责编:卓玛才让

ཀྲུང་གོའི་ལོང་བའི་རྐང་རྩེད་སྤོ་ལོ་རུ་ཁག་ནི་འཛམ་གླིང་གི་རུ་ཁག་སྟོབས་ལྡན་ཞིག་ཡིན།

ཀྲུང་གོའི་ལོང་བའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཡ་གླིང་གི་ཨང་དང་པོ་བླངས།

     པེ་ཅིང་གི་དུས་ཚོད་ཚེས་6ཉིན་གྱི་དགོང་མོ་2019ལོའི་ཨེ་ཤེ་ཡའི་ལོང་བའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་དབྱི་རན་རུ་ཁག་ལས་རྣམ་པར་རྒྱལ་ནས་སྐབས་འདིའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། དེ་ནི་ཀྲུང་གོའི་རུ་ཁག་གི་ལོ་རྒྱུས་ཐོག་ཨེ་ཤེ་ཡའི་ཨང་དང་པོ་ལེན་ཐེངས་དྲུག་པ་དེ་ཡིན་པ་རེད།

རུ་མི་ཚོས་ཕན་ཚུན་འཐམ་ནས་རྟེན་འབྲེལ་ཞུ་བ།

    སྐབས་འདིའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གོང་ཀྲུང་གོའི་རུ་ཁག་དང་དབྱི་རན་རུ་ཁག་གིས་ད་ཐེངས་ཀྱི་འགྲན་བསྡུར་ནང་ཕམ་ཁའི་གྲུབ་འབྲས་ཐོབ་མེད། ཕྱེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་དབྱི་རན་རུ་ཁག་གིས་3-2ཀྱི་མཇུག་འབྲས་ཐོག་ནས་མགྲོན་བདག་རྒྱལ་ཁབ་ཐེ་ལན་ལས་རྣམ་པར་རྒྱལ་བ་དང་། ཀྲུང་གོའི་རུ་ཁག་གིས་གཙིག་སྤོར་འགྲན་བསྡུར་བྱས་པ་བརྒྱུད་5-4(རྒྱུན་གཏན་དུས་ཚོད་ནང་2-2)ཀྱི་མཇུག་འབྲས་ཐོག་ནས་འཇར་པན་རུ་ཁག་ཕྱིར་འབུད་བྱས་པ་རེད།

    རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་ཕྱོགས་གཉིས་པོས་སྤོ་ལོ་ཧ་ཅང་ཡག་པོ་བརྒྱབ་ཡོད་པ་དང་། འགྲན་ཐེངས་གོང་མའི་མཇུག་བསྡུའི་དུས་མཚམས་སུ་ཀྲུང་གོའི་རུ་ཁག་གིས་གཡོན་ཟུར་སྤོ་ལོ་རྒྱག་པའི་གོ་སྐབས་བརྒྱུད་སྤོ་ལོ་གཅིག་བླུགས་པ་དང་། ཀྲུང་གོའི་རུ་ཁག་གིས་1-0ཡི་ལེགས་ཆ་འཁྱེར་ནས་འགྲན་ཐེངས་འོག་མར་ཞུགས་པ་དང་། དུས་སྨད་དུ་འགྲན་རྩོད་ཛ་དྲག་པོ་ཡོད་མོད། འོན་ཀྱང་མཐར་ཀྲུང་གོའི་རུ་ཁག་གིས་སྤོ་ལོ་1པོ་དེར་བརྟེན་ནས་ཨང་དང་པོ་བླངས་པ་རེད།

    སྐབས་འདིའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཕམ་ཁ་གཅིག་ཀྱང་རག་མེད་པ་དང་དེ་གོང་གི་ཚོགས་ཆུང་འགྲན་བསྡུར་ནང་ཁོ་རེ་ཡ་ལྷོ་མར་8-0དང་། ཐེངས་གཉིས་པ་རྒྱ་གར་ལ་5-0། ཚོ་ཆུང་འགྲན་བསྡུར་མཐའ་མར་2-0ཡི་མཇུག་འབྲས་ཐོག་ཐེ་ལན་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས་ཚོགས་ཆུང་Aཡི་ཨང་དང་པོ་ཐོབ་པ་དང་། ཕྱེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་འཇར་པན་རུ་ཁག་ལས་རྣམ་པར་རྒྱལ་རྗེས་ཀྲུང་གོའི་རུ་ཁག་ལ་ད་དུང་ཐོ་ཁེའོ་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་སྤ་སེ་བདེ་བླག་ངང་རག་པ་རེད།

     ཀྲུང་གོའི་ལོང་བའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་2006ལོར་བཙུགས་པ་དང་། ལོ་13རིང་ཁོང་ཚོའི་འགྲན་བསྡུར་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། དེ་གོང་2008ལོའི་པེ་ཅིང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཐོག་ཨང་གཉིས་པ་དང་། 2010ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་གསུམ་པ། 2010ལོའི་ཀོང་ཀྲོའུ་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་བཅས་ཐོབ་མྱོང་ཡོད།

     ད་ཐེངས་ཀྱི་ཨང་དང་པོ་ཐོབ་རྗེས་ཀྲུང་གོའི་ལོང་བའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཨེ་ཤེ་ཡའི་ཨང་དང་པོ་ཐེངས་6བླངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有