མིས་བཟོས་དབྱར་རྩྭ་དགུན་འབུ་བྱུང་འདུག་པས་གཟབ་དགོས།
སྤེལ་བའི་དུས་ཚོད། : 2018-06-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་གྱི་ཁེ་བཟང་རག་ཆེད། མི་སྐོར་ཞིག་གིས་མིའི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་འགོ་ཚུགས་ཡོད་ལ། མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དེ་རིགས་ཀྱི་རིན་གོང་ཡང་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལས་ཆེས་ཤིན་ཏུ་ཁེ་པོ་ཡོད།

  ཤེས་རྟོགས་བྱུང་བ་ལྟར་ན། ད་སྔའི་བར་ཉུང་མཐའ་ཡང་མིའི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་ཡུལ་གསུམ་ཡོད་པ་སྟེ། གཅིག་ནི་བོད་ལྗོངས་ཀྱི་ལྷོ་ཕྱོགས་དང་། གཅིག་ནི་སི་ཁྲོན་གྱི་བྱང་ཕྱོགས། གཞན་གཅིག་ནི་གྲོང་ཁྱེར་ཁྲེང་ཏུའུ་ཡི་ཉེ་འགྲམ་བཅས་སུ་ཡོད་ཅིང་། འདེབས་འཛུགས་བྱེད་ཐབས་ལ་ཞིབ་འཇུག་བྱེད་མཁན་ཡང་མི་ཉུང་བ་བྱུང་ཡོད་སྐད་འདུག

  འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་ཡི་ཕྱི་དབྱིབས་སོགས་ནི་རང་བྱུང་ངང་སྐྱེས་པའི་དབྱར་རྩྭ་དགུན་འབུ་དང་ཕལ་ཆེར་གཅིག་འདྲ་ཡིན་མོད། འོན་ཀྱང་དེའི་གྲུབ་ཆ་དང་ཕན་ནུས་ནི་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལས་ལྡབ་འགྱུར་གྱིས་ཞན་པ་རེད། ཆེད་མཁས་པས་སྤྲི་དཀར་རྫས་སོགས་རྫས་འགྱུར་གྲུབ་ཆར་དབྱེ་ཞིབ་བྱས་རྗེས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུའི་ཕན་ནུས་དེ་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལས་ཞན་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་པ་གཤམ་གསལ་ལྟར།

  དང་པོ། དེ་གཉིས་གྲུབ་བྱེད་ཀྱི་རྫས་རྒྱུ་མི་འདྲ་བ་སྟེ། རང་བྱུང་ངང་སྐྱེས་པའི་དབྱར་རྩྭ་དགུན་འབུ་ནི་འབུའི་ལུས་དང་དེ་ལས་སྐྱེས་པའི་ཤ་མོའི་རིགས་ཀྱི་རྫས་སྣ་གཉིས་ལས་གྲུབ་ཅིང་། མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་ནི་དབྱར་རྩྭའི་ཤ་མོ་ཡི་གྲུབ་རྫས་ཀྱི་རྨང་གཞིའི་སྟེང་སྐྱེས་པའི་ཤ་མོའི་རང་བཞིན་ཆེ་བའི་རྫས་གཅིག་པུ་ལས་གྲུབ་ལ། རང་བྱུང་གི་དབྱར་རྩྭ་དགུན་འབུ་ནི་རང་བྱུང་ཁམས་ནས་སྐྱེས་པའི་འབུའི་ལུས་ལས་བྱུང་བ་དང་། མིས་འདེབས་འཛུགས་བྱས་པ་དེ་ནི་མིས་ཐབས་ལ་བརྟེན་ནས་གསོས་པ་ཡིན་པས་དེ་གཉིས་ནང་འདུས་པའི་ཨན་ཅི་སྐྱུར་དང་། གཞི་རྒྱུ་སོགས་ཀྱི་འདུས་ཚད་ཀྱི་མང་ཉུང་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ། རང་བྱུང་གི་དབྱར་རྩྭའི་ཁྲོད་ཀྱི་གཞི་རྒྱུའི་མང་ཉུང་༩ཙམ་ཡིན་པའི་དབང་དུ་བཏང་ན། མིས་བཟོས་དབྱར་རྩྭའི་ནང་དེ་དག་གི་འདུས་ཚད་༡ཙམ་ལས་མེད་པས། མིའི་བདེ་ཐང་ལ་ཐོན་པའི་ཕན་ནུས་ཐད་ཁྱད་པར་ཆེན་པོ་ཡོད།

  གཉིས་པ། འཚར་སྐྱེས་དུས་ཡུན་མི་འདྲ་བ་སྟེ། རང་བྱུང་གི་དབྱར་རྩྭ་དགུན་འབུ་ཞིག་སྐྱེ་བར་ལོ་གཉིས་ནས་བཞིའི་དུས་ཡུན་དགོས་ཤིང་། ཡུན་རིང་གི་འཚར་སྐྱེའི་བརྒྱུད་རིམ་ཁྲོད་ད་གཟོད་དབྱར་རྩྭ་དགུན་འབུར་ཁྱད་དུ་ཡོད་པའི་ནད་འགོག་ནུས་པ་སོགས་རིམ་གྱིས་གྲུབ་བཞིན་ཡོད་པ་དང་། མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་སྐྱེ་བའི་དུས་ཡུན་ནི་ཟླ་གསུམ་ནས་དྲུག་བར་ཡིན་པས། དུས་ཡུན་དེ་འདྲའི་ཐུང་བའི་ནང་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལྟ་བུའི་ནད་འགོག་ནུས་པ་སྟོབས་དང་ལྡན་པ་ཞིག་གྲུབ་ཐབས་མེད་ལ། དེ་ནི་ང་ཚོས་ནམ་རྒྱུན་ཟ་བཞིན་པའི་ཤ་མོ་ལྟ་བུ་ཡིན་ཞིང་། དེར་འདུས་པའི་འཚོ་བཅུད་ནི་ཕལ་ཆེར་ཤ་མོ་ལྟ་བུ་ལས་མེད་དོ། །

  གསུམ་པ། སྐྱེ་ཡུལ་མི་འདྲ་བ་སྟེ། རང་བྱུང་གི་དབྱར་རྩྭ་དགུན་འབུ་སྐྱེ་ཡུལ་ནི་ས་བབ་མཐོ་ཚད་ལ་སྨི་བཞི་སྟོང་ཡན་ཟིན་པའི་ས་ཡིན་ཞིང་། ཁོར་ཡུག་ཤིན་ཏུ་གཙང་བས་སྦགས་བཙོག་ཅི་ཡང་མ་ཐེབས་པ་ཞིག་ཡིན་པ་མ་ཟད། བོད་ཡུལ་ནི་ཉི་མ་ཤར་ཡུན་རིང་ཞིང་། ཉིན་མཚན་གྱི་དྲོ་གྲང་ལ་ཁྱད་པར་ཆེན་པོ་ཡོད་པས། ཉིན་མོའི་དྲོད་བསྡུས་པ་དེ་དག་དགོང་མོ་འཁྱག་པས་བསྡམས་ཏེ་དྲོད་བཅུད་དེ་ཉིན་ཁར་ཉིན་བྱས་ནས་བསྡུས་རྗེས་མཐར་བཅུད་མང་པོ་འདུས་པ་དང་། མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་སྐྱེ་ཡུལ་ནི་དེ་ལས་ལྡོག་སྟེ་ཁོར་ཡུག་མི་གཙང་ས་ཡིན་པ་མ་ཟད། ད་དུང་མགྱོགས་པོར་སྐྱེ་ཆེད་རྫས་འགྱུར་བཏབ་པའི་ངེས་པ་ཆེན་པོ་ལྡན་པས་དེའི་གྲུབ་ཆར་སྐྱོན་ཐེབས་ཡོད།

  དེ་བས། དབྱར་རྩྭ་དགུན་འབུ་ཉོ་མཁན་རྣམས་ཀྱིས་དབྱར་རྩྭ་ཉོ་སྐབས་ངེས་པར་དུ་ཡོང་ཁུངས་ལ་གསལ་ཆ་ཡོད་པའི་རང་བྱུང་གི་དབྱར་རྩྭ་དགུན་འབུ་ཉོ་བ་ལས། དྲ་ཐོག་སོགས་ལས་ཡོང་ཁུངས་མི་གསལ་བའི་དབྱ་རྩྭ་དགུན་འབུ་གང་བྱུང་དུ་ཉོ་མི་རུང་ངོ།།

  ཞར་བཀོད།

  བོད་སྨན་ནང་བཀོད་པའི་དབྱར་རྩྭ་དགུན་འབུའི་ཕན་ནུས།

  ༡ གཟུགས་པོའི་སྟོབས་བསྐྱེད་པ་སྟེ། ཟུངས་སྟོབས་བསྐྱེད་དེ་ན་ཚ་འགོག་པ་དང་ཚེ་རིང་ཞིང་ནད་མེད་པ།

  ༢རོ་ཙ་འཕེལ་བ་སྟེ། སྐྱེས་པ་རྣམས་ལ་སྟོབས་བསྐྱེད་པ། ཆམ་པ་མི་ཕོག་པར་ཕན་པ།

  རྒྱ་སྨན་དུ་གློ་བ་ལ་ཡང་ཕན་པ་ཆེན་པོ་ཡོད་པ་དང་ཤ་མདོག་ཡག་པོ་ཡོང་བ། རིམས་ནད་སྔོན་འགོག་སོགས་ལ་ཕན་པའི་སྐོར་བཤད་འདུག

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  རྩོམ་སྒྱུར་བ། བདེ་ལྷ་མོ།