ཉེ་བའི་ལོ37རིང་བོད་ལྗོངས་ཀྱི་དྲོད་ཚད་འཕར་ཚད་གོ་ལ་ཧྲིལ་པོ་ལས་མཐོ་བ།
སྤེལ་བའི་དུས་ཚོད། : 2018-04-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ཆར། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི《2017ལོའི་བོད་ལྗོངས་ཀྱི་གནམ་གཤིས་སྤྱི་བསྒྲགས》ནང་། 1981ལོ་ནས2017ལོའི་བར། བོད་ལྗོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་མངོན་གསལ་དོད་པོས་འཕར་བའི་རྣམ་པ་མངོན་ཞིང་། ཆ་སྙོམས་ལོ10རེར་དྲོད་ཚད0.42℃འཕར་ནས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་ས་ཁུལ་གཞན་དག་ལས་འཕར་ཚད་མངོན་གསལ་དོད་པོས་མཐོ་བ་ཡོད་པ་དང་། དེ་དང་ཆབས་ཅིག ཉེ་བའི་ལོ་37རིང་། བོད་ལྗོངས་ཀྱི་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཀྱང་མང་དུ་འགྲོ་ཚུལ་མངོན་ཞིང་ལོ10རེར་ཧའོ་སྨི11.0རེ་འཕར་ཡོད།

  བོད་ལྗོངས་ལྷོ་ཁའི་སྣ་དཀར་རྩེ་རྫོང་ཁོངས་སུ་ཡོད་པའི་ཁ་རོ་ལའི་འཁྱགས་རོམ་ཞུ་བཞིན་པའི་རྣམ་པ།

  བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། དྲོད་ཚད་དང་ཆར་ཆུ་འབབ་ཚད་ལ་འགྱུར་ལྡོག་བྱུང་བ་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་ནས་བོད་ལྗོངས་ལ་ཤུགས་རྐྱེན་ཐེབས་པ་ར་སྤྲོད་བྱུང་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་བོད་ལྗོངས་ཀྱི་ས་མཐོའི་གྲང་ངར་ཁུལ་དང་དྲོ་མ་གྲང་ཁུལ་གྱི་ཤར་མཚམས་ནུབ་བསྒྱུར་དང་ལྷོ་མཚམས་བྱང་བསྒྱུར། དྲོད་ཚད་ཁུལ་རྒྱ་ཆེ་རུ་ཕྱིན་ཏེ་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་ལེགས་སུ་ཕྱིན་ཡོད། 2017ལོར་བོད་ལྗོངས་ཀྱི་ལོའི་ཆ་སྙོམས་དྲོད་ཚད5.7℃ཟིན་ནས1981ལོ་ཚུན་གྱི་གནས་ཚད་མཐོ་ཤོས་ཨང་གསུམ་པར་སླེབས་ཡོད་ལ། དུས་བཞིར་དྲོད་ཚད་སྤྱིར་ན་མང་ཆེ་བ་མཐོ་ཙམ་ཡོད་ཅིང་། དགུན་དུས་དྲོད་ཚད(-1.8℃)མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ས་ཁོངས་རང་བཞིན་གྱི་དགུན་དྲོད་རྒྱས་ཡོད། ལོ་དེ་དག་ནང་ས་ཁུལ་མང་པོ་ཞིག་གི་དྲོད་ཚད་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་ལས་བརྒལ་ཡོད་ཅིང་། ནག་ཆུ་དང་། ཆབ་མདོ། འདམ་གཞུང་སོགས་ས་ཆ་11གི་ལོའི་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་གྲངས་ཚད་མཐོ་ཤོས་སུ་སླེབས་པའམ་ཡང་ན་ལོ་རྒྱུས་ཀྱི་གྲངས་ཚད་མཐོ་ཤོས་དང་མཉམ་ཡོད་པ་རེད།

  བོད་ལྗོངས་ནག་ཆུའི་མཚོ་གཉིས་རྫོང་གི་ཞུ་བཞིན་པའི་འཁྱགས་རོམ་ཞིག

  བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། བོད་ལྗོངས་སུ་ཉེ་དུས(ད་ལྟ་ནས2050ལོའི་བར)དང་ཕྱིས་འབྱུང(2051ལོ་ནས2100ལོའི་བར)འཁྱག་རོམ་དང་གངས་གསོག་ཉུང་དུ་འགྲོ་རྒྱུ་དང་གཙང་པོ་དང་རྒྱུག་ཆུའི་བཞུར་རྒྱུན་ཚད་གཞི་མི་འདྲ་བའི་ངང་མང་དུ་འགྲོ་རྒྱུ་རེད། འབྱུང་འགྱུར་བོད་ཀྱི་འཁྱག་སའི་རྒྱ་ཁྱོན་སྔར་བས་ཉུང་དུ་འགྲོ་རྒྱུ་ཡིན་པ་སྟེ། ཉེ་དུས39%དང་ཕྱིས་འབྱུང81%ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།

  རྩོམ་སྒྲིག་པ། པད་མ།