ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་ནང་སོག་ཏུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

2026-10-20 09:43:00     责编:卓玛才让
 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་16ཉིན་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་ནང་དོན་ཞིག་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་སྟོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་བསམ་བློ་དང་གནས་བབ་ཧྲིལ་པོའི་འདུ་ཤེས་ལ་བརྟེན་ནས་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སུ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་རྟོག་ཞིབ་གནང་སའི་ཧོང་ཆི་ཧའེ་མཚེའུ་ནི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཁྲ་ཧའར་ཡོའུ་དབྱི་ཆན་རྫོང་དུ་གནས་ཤིང་། སྐམ་སའི་དབུས་ཀྱི་མཚེའུ་ཞིག་ཡིན་པ་དང་། གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་སྐབས་ཤིག་རིང་སྐམ་ཉེར་གྱུར་ཡོད། ལོ་མང་རིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་ཆུ་ཁོངས་ཀྱི་གཞི་ཁྱོན་རིམ་བཞིན་སླར་གསོ་རྒྱ་སྐྱེད་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། འདམ་ར་སྲུང་སྐྱོང་བྱེད་པར་གལ་ཆེ་ཤོས་ནི་གདོད་མའི་འབྱུང་ཁམས་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་གནང་ཡོད།

ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཁྲ་ཧའར་ཡོའུ་དབྱི་ཆན་རྫོང་གི་རྫོང་ཨུད་ཧྲུའུ་ཅི་པན་ཤིའུ་ཕིང་གིས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཚེའུ་དང་འདམ་རར་མུ་མཐུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

པན་ཤིའུ་ཕིང་གིས། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུས་པ་ཡིན། ཧོང་ཆི་ཧའེ་མཚེའུ་ཡི་མིང་གི་འབྱུང་ཁུངས་དང་ཆུ་ངོས་རྒྱ་ཁྱོན་གྱི་འགྱུར་ལྡོག ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ང་ཚོས་བྱ་ཐབས་ཁག་བརྒྱད་བཟུང་ནས་ཧོང་ཆི་ཧའེ་མཚེའུ་ཡི་རང་བྱུང་ཉམས་གསོར་སྐུལ་འདེད་བཏང་བ་དང་། འདབ་ཆགས་རིགས་ཁྱོན་168ལ་ལྟ་ཞིབ་ཚད་ལེན་ཐུབ་པའི་སྐོར་ཞུས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་འབྱུང་ཁམས་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པས། ང་ཚོས་དེ་བས་ཀྱང་ཡུན་རིང་འབད་འཐབ་བྱས་ཏེ་འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་ཡག་པོ་སྲུང་རྒྱུ་ཡིན་ཞེས་བརྗོད་ཡོད།

འབྱུང་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཅིག་ཡིན། ཤིན་ཅང་གི་མ་ན་སི་འདམ་ར་ནི་དུས་བྱ་གནས་སྤོའི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། དེ་སྔ་ས་ཁོངས་ཁག་གཅིག་གི་འདམ་ར་ཉམས་ཞན་དུ་གྱུར་བ་དང་ཆུ་ཁོངས་ཆུང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། མ་ན་སིས་རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་མི་ཐབས་ལ་བརྟེན་པའི་བཅོས་སྒྲིག་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་ཉམས་གསོ་བྱས་པས། མ་ན་སིའི་འདམ་རའི་རྒྱ་ཁྱོན་བརྒྱ་ཆའི་གནས་5ཆེ་རུ་ཕྱིན་ཡོད།

ཤིན་ཅང་མ་ན་སི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ཁུན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་པོར་སྲུང་ནས། ཤིན་ཅང་བྱང་རྒྱུད་ཀྱི་འདམ་རའི་ཁྱིམ་གཞིས་འདིར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། དུས་བྱ་དེ་བས་མང་བ་དེ་གར་ངལ་གསོ་དང་སྐྱེ་འཕེལ་ཐུབ་པར་བྱས་ཏེ། མི་དང་རང་བྱུང་ཁམས་གཞི་མཐུན་མཉམ་གནས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

“ཤར་གྲངས་ནུབ་རྩིས”ཀྱི་ལས་གྲྭ་ལག་བསྟར་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བ་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱིས“ཤར་གྲངས་ནུབ་རྩིས”ལས་གྲྭའི་འགག་རྩའི་ལྟེ་གནས་འཛུགས་སྐྲུན་དང་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་མཁྱེན་རྟོག་གནང་སྐབས། ཚན་རིག་དང་མཐུན་པའི་འཆར་འགོད་དང་། གྲུབ་ཆའི་འདེགས་སྐྱོར། བདེ་འཇགས་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་ནས། བསྐྲུན་ཟིན་པའི་རྣམ་གྲངས་ལས་ཕྱོད་མཐོ་པོས་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་འབྲེལ་རྗེས་མཐུད་རྣམ་གྲངས་དུས་བཀག་ལྟར་འཛུགས་སྐྲུན་ལེགས་འགྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྲངས་གཞི་ཆེན་མོ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀུའོ་ཞའོ་ལིང་གིས། གློག་ནུས་སྤྱོད་ཚད་ཇི་ཙམ་ཡིན་པ་དང་། ཆུའི་ཐོན་ཁུངས་སྤྱོད་ཚད་ཇི་ཙམ་ཡིན་པ། འབྲེལ་ཡོད་ཐོན་ལས་ཀྱི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚུལ་ཇི་ལྟར་ཡིན་པ་བཅས་སྤྱི་ཁྱབ་ཧྲུའུ་ཅིའི་དྲི་བ་ཚང་མ་ཧ་ཅང་གི་ཆེད་ལས་ཡིན་པ་དང་། ང་ཚོས་ཆུ་གྲོན་ཆུང་དང་ནུས་རྒྱུ་གྲོན་ཆུང་གི་འཆར་འགོད་སྔ་སྣུར་དུ་ཡག་པོ་བཟོས་པར་གདེང་འཇོག་གནང་བྱུང་། ང་ཚོས་རྒྱལ་ཁབ་ཀྱི་རྩིས་ཤུགས་ལྟེ་གནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་གཞིགས་ནས། ལྗང་མདོག་རྩིས་ཤུགས་ལས་དོན་དེ་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཧུར་ཐག་བྱས་ནས། གྲངས་འཛིན་དཔལ་འབྱོར་དང་དངོས་གཟུགས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། མིག་སྔར“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ཀྱི་ལྟེ་གནས་ཆེན་པོ་བརྒྱད་ཀྱི་རྩིས་ཤུགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། གཙོ་གནད་རྣམ་གྲངས་ཁག་གཅིག་ལ་སྐུལ་འདེད་གང་མགྱོགས་གཏོང་བཞིན་ཡོད་པ་རེད།

ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅན་གྱིས། ང་ཚོས་རྩིས་གློག་མཐུན་སྦྱོར་གྱིས་ལྗང་མདོག་ལ་མཐུན་རྐྱེན་སྦྱོར་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས། “འོད་ཧྥུ་ཐད་སྤྲོད་དང་། ནུས་གསོག་མཐོ་རླབས་སྙོམས་སྒྲིག གློག་དྲས་མ་མཐའ་སྲུང་བ་”བཅས་ཟུང་དུ་སྦྲེལ་བའི་ནུས་སྤྱོད་རྣམ་པ་ཁྱབ་གདལ་གཏོང་བ་དང་། རྩིས་ཤུགས་ཀྱི་ཐཱན་རྒྱུ་ནོར་ཐོན་དབང་གཏན་འཁེལ་དང་ཐཱན་ཉོ་ཚོང་ཁྲོམ་ར་ཅན་གྱི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཕེང་ཁྲེང་རྒྱལ་ཁབ་ཚོད་ལྟ་ཁང་གི་ཞིབ་འཇུག་པ་ཡུས་ཡུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོ་འཐབ་ཕྱོགས་དང་པོའི་ཚན་ཞིབ་མི་སྣར་སྐུལ་མ་ཆེན་པོ་ཐེབས་བྱུང་། གོམ་སྟབས་རྗེས་མར། ང་ཚོས་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་དགོས་མཁོའི་ཐོག་གཅིག་སྡུད་བྱས་ཐོག འཕྲིན་གཏོང་དང་། དྲ་བ། རྩིས་ཤུགས། ནུས་རྒྱུ་བཅས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བའི་ལག་རྩལ་མ་ལག་བཙུགས་ནས། རྒྱལ་ཡོངས་ཀྱི་རྩིས་ཤུགས་གཅིག་གྱུར་འཆར་འགོད་དང་མཐའ་སྣེའི་དྲ་བ་ཡུག་ཅིག་ལ་འདེགས་སྐྱོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་གསར་ཁུལ་གྱིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཞབས་ཞུ་དང་རྐྱེན་གཙོའི་འགན་སྲུང་ཁག་ལེགས་འགྱུར་བྱས་ནས། ཁེ་ལས་དང་རིགས་ཁག་གི་ཤེས་ལྡན་པས་བྱ་གཞག་སྒྲུབ་པར་ཁོར་ཡུག་ཡག་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་ཡོད། ཝུའུ་ལན་ཁྲ་པོ་གྲོང་ཁྱེར་ཁྲ་ཧའར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཅུན་ཕིང་གིས། ཕུལ་དུ་བྱུང་བའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུ་དེ་ད་ལྟ་ས་ཁོངས་འགྲན་རྩོད་ནུས་པའི་ཚད་འཛིན་ས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བརྗོད་ཡོད།

ལིའུ་ཅུན་ཕིང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། སྤྱི་པའི་ཞབས་ཞུ་དང་རྐྱེན་གཙོའི་འགན་སྲུང་ཁག་ལེགས་འགྱུར་བྱས་ནས། ཁེ་ལས་དང་རིགས་ཁག་གི་ཤེས་ལྡན་མི་སྣས་བྱ་གཞག་སྒྲུབ་པར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ། སྤུས་མཐོའི་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ལས་འགན་ག་ཚོད་ཀྱིས་ལྕི་བ་ཡོད་ན། དེ་རྩིས་ཀྱིས་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་སྐྱོང་དང་ལག་ལེན་བསྟར་དགོས། རྟོག་ཞིབ་གནང་བའི་ལམ་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པའི་ཐོགས་གནས་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་འཆར་འགོད་བཀོད་ཇུས་གཞིར་བཟུང་། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་། ཡང་དག་པ་དང་ཆ་ཚང་བ་གནད་ལ་འཕིགས་པ་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། དུས་རབས་ཀྱི་དར་སྲོལ་གྱི་རྗེས་སུ་དམ་པོར་འབྲང་བ་དང་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱེད་པ། རང་སོའི་ཆ་རྐྱེན་ལ་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་བཟང་ཆ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ནང་སོག་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཚའོ་སི་དབྱང་གིས། ང་ཚོས་ནང་སོག་གི་ཕུན་སུམ་ཚོགས་པའི་ནུས་རྒྱུ་གསར་པའི་ཐོན་ཁུངས་ཀྱི་བཟང་ཆར་གཞི་ཚུགས་ཐོག ཡུལ་བབ་དང་བསྟུན་ནས་རྩིས་གློག་མཐུན་སྦྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་གལ་ཆེའི་ལྗང་མདོག་རྩིས་ཤུགས་འགན་སྲུང་རྟེན་གཞི་བསྐྲུན་ནས། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ལས་གྲྭར་ཞབས་ཞུ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་འགན་སྲུང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་ནང་སོག་ཏུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།