ཞི་ཅིན་ཕིང་གིས་ཚོགས་འདུ་འདིའི་ཐོག་གསུང་བཤད་གལ་ཆེན་གནང་བ།
ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུ། དེ་བཞིན་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཡེ་མེ་པ་ཡེ་ཧྥུ་སོགས་ཚོགས་འདུར་ཞུགས་ཡོད།
ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྷན་དུ་སྐུ་པར་བསྐྱོན་པ་དང་། དེ་རྗེས་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ་དང་འབྲེལ་《ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས། འདི་ལོ་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་ནས་ལོ་25འཁོར་བའི་ལོ་ཞིག་རེད། ལོ་25ཡི་གོང་འཇམ་འཐབ་ཀྱི་བསླབ་བྱ་གཏིང་ཟབ་བམ།“སྟོབས་ཤུགས་ངན་པ་གསུམ”གྱི་དངོས་ཡོད་འཇིགས་སྐུལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་ཆེན་པོ་བཅས་ཀྱི་མདུན་དུ་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། དེའི་དབང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་པ་མ་ཟད་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ལོ་25ཡི་རིང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེ་ཤོས་ནི་གོམ་པ་རེ་རེ་བཞིན་འཛམ་གླིང་ཐོག་གི་མངའ་ཁོངས་རྒྱ་ཆེ་ཤོས་དང་། མི་འབོར་མང་ཤོས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་བཅས་ཀྱི་ས་ཁོངས་མཉམ་ལས་སྒྲིག་འཛུགས་གསར་པར་གྱུར་བ་དེ་རེད། བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་ནི་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་ཡོང་ཐབས་བཅས་བྱེད་པའི་“ཧྲང་ཧའེ་ཡི་སྙིང་སྟོབས”གསར་གཏོད་རང་བཞིན་གྱིས་བཏོན་པ་དང་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུས་ཡོད། མཉམ་ལས་ཀྱི་ཉམས་མྱོང་གལ་ཆེ་ཤོས་ནི་མནའ་འབྲེལ་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་བ། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་ཡང་དག་པའི་མཉམ་གནས་ལམ་བུ་བཙལ་ནས་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ངོ་25ཡི་རྗེས་ཀྱི་དེང་གི་དུས་འདིར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་ཕྱིན་པ་དང་། གླེང་མོལ་དང་ཁ་གཏད། མཉམ་རྒྱལ་དང་རྒྱལ་ཕམ། ཕྱོགས་མང་དང་ཕྱོགས་རྐྱང་བཅས་འགྲན་རྩོད་དྲག་པོའི་དབང་གིས་དམག་འཁྲུག་གི་ཉེན་ཁ་ཡོངས་སུ་སེལ་མེད། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་གི་འགག་རྩའི་དུས་འདིར་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་འདོད་ཚུལ་བཞི་བཏོན་གནང་ཡོད་དེ།
དང་པོ། འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐུན་མོང་ཐོག་དར་རྒྱས་ཀྱི་མདུན་ལམ་བཏོད་དགོས། ཀུན་ཕན་ཁོག་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། ཚོང་དོན་མ་འཇོག་དང་། མཉམ་སྦྲེལ་མཉམ་མཐུད། ནུས་རྒྱུའི་ཐོན་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐོན་ལས། ལྗང་མདོག་གཏེར་རྫས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ས་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དེ་ཉིད་སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་བའི་སྔོན་འཇོག་ས་ཁོངས་སུ་བརྩིས་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་དང་། ཞིང་ལས་དངོས་མང་སྟོན་ཚོགས་སོགས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་ཕྱོགས་ནས་རྒྱལ་སྤྱིའི་མི་ཐབས་རིག་ནུས་བཀོལ་སྤྱོད་མཉམ་ལས་ལྟེ་གནས་འཛུགས་པ། ཐེན་ཅིན་དུ་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་འགག་སྒོའི་དཔལ་འབྱོར་མཉམ་ལས་ལྟེ་གནས་བཙུགས་ནས་འབྱུང་འགྱུར་ལོ་3རིང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་སྦྲེལ་ཐོག་ཚན་རྩལ་མཉམ་ལས་རྣམ་གྲངས་100ལག་བསྟར་བྱ་རྒྱུ་བཅས་ཡིན་པ་རེད།
གཉིས་པ། བདེ་འཇགས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡོངས་ཁྱབ་ཀྱི་བདེ་འཇགས་ཁོར་ཡུག་བསྐྲུན་དགོས། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་གཅིག་གྱུར་འཆར་འགོད་ཀྱིས་ཁ་གཏད་གཅོག་པ་དང་། “སྟོབས་ཤུགས་ངན་པ་གསུམ”དང་། རྒྱལ་ཁོངས་ལས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག དུག་རྫས་ལྐོག་འདྲེན། གློག་འཕྲིན་ཁ་བསླུས་བཅས་ལ་རྡུང་རྡེག་གཏོང་བ། ཆ་འཕྲིན་དང་། སྐྱེ་དངོས། ཕྱིའི་བར་སྣང་བཅས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རྒྱལ་ཁབ་ཁག་གི་ནང་སྲིད་ལ་ཐེ་ཇུས་དང་། ཆབ་སྲིད་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ། ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་བཅས་ནན་འགོག་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དེ་ཉིད་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་བསྟར་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་བསྐྲུན་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་“བདེ་འཇགས་ལྟེ་གནས་བཞི”གང་མགྱོགས་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
གསུམ་པ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་རྨང་གཞི་བརྟན་པོ་འདིང་དགོས། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་མཚམས་བཅས་ཀྱི་ཁྱད་ཆོས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། སློབ་གྲྭ ཇུས་འདོན་ཚོགས་པ། ཁེ་ལས། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་དྲ་རྒྱ་འཛུགས་པ་དང་དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་ཁོངས་གཏོགས་རྒྱལ་ཁབ་དབར་གྱི་ཞི་མཐུན་མཛའ་གྲོགས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དོན་འཁྱོལ་བྱས་ཏེ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་དམངས་ཁྲོད་མཛའ་གྲོགས་སྒྲིག་གཞིའི་ནུས་པ་དེ་བས་ཆེ་བ་ཐོན་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རྨང་གཞིའི་སློབ་གསོའི་མཉམ་ལས་ལྟེ་གནས་འཛུགས་རྒྱུ་མ་ཟད། ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་སོགས་རྣམ་གྲངས་བརྒྱུད་སྤེལ་རེས་དཔྱད་འཛིན་དང་དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་མུ་མཐུད་འཛུགས་འདོད་བྱེད་ཀྱི་ཡོད།
བཞི་པ། གླེང་མོལ་གྲོས་བསྡུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དྲང་གཞག་དང་གོ་རིམ་ལྡན་པའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡོང་རྒྱུ་རྒྱུན་འཁྱོངས་དང་། ས་ཁུལ་གྱི་ལས་དོན་ཐད་མཉམ་གྲོས་མཉམ་གླེང་དང་། མཐུན་ཐབས་འགལ་སེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གླེང་མོལ་གྲོས་བསྡུར་ལ་བརྟེན་ནས་འགལ་བ་དང་མི་མཐུན་པ་ཐག་གཅོད་འོས་འཚམ་བྱེད་པ་དང་ཕྱོགས་མང་མཉམ་ལས་ལ་བརྟེན་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་དགོས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་ལེན་བསྟར་བའི་ཐད་དཔེ་སྟོན་རང་བཞིན་གྱི་མཉམ་ལས་བྱ་རྒྱུར་ཀྲུང་གོའི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་འཁོར་རྒྱུག་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཐབས་ཇུས་དང་ལག་བསྟར་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་པས། བློ་སེམས་གཅིག་མཐུན་གྱིས་རྒྱལ་ཁབ་དེ་བས་མང་བ་རོགས་ཟླར་འགྱུར་བ་བྱས་ཏེ་ཐུན་མོང་ཐོག་ས་ཁོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་འབྱུང་འགྱུར་ལོ་10ཡི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པ། སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཚོགས་ཞུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་ནས་ལོ་25སོང་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་དར་རྒྱས་ཆེད་འགན་ལེན་གལ་ཆེན་མཁོ་འདོན་བྱས་ནས་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུར་གྱུར་བའི་ངོས་འཛིན་གནང་ཡོད། ཕྱོགས་ཁག་གིས་སྲོལ་གཏོད་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཀྲུང་གོས་སྒྲིག་འཛུགས་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱས་པ་དང་། 2025ལོའི་ཐེན་ཅིན་དབུ་ཚོགས་ཀྱི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ། ལམ་སྲོལ་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་དོན་དང་། མ་འཇོག ཚན་རྩལ། ནུས་རྒྱུ། དངུལ་རྩ། ཐོན་སྐྱེད་སྦྲེལ་ཐག མཁོ་སྤྲོད་སྦྲེལ་ཐག ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་བདེ་འཇགས་ཀྱི་འགྲན་སློང་གསར་པར་ཁ་གཏད་གཅོག་པ་བཅས་བྱས་ནས་ཡུན་རིང་ཞི་བདེ་དང་། ཐུན་མོང་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་རྒྱུའི་མོས་མཐུན་བྱས་ཡོད། འགྱུར་བ་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་སྒྲིག་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་དེ་བས་གཞུང་དྲང་ལུགས་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དེ་རང་དང་། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་ཡིན་པ་རེད།
ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་《ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་པི་ཧྲེ་ཁའེ་ཁེའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་གནང་བ་དང་འབྲེལ་ཡོངས་བསྒྲགས་བྱས་པ་དང་། 《ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རྩ་འཛིན》གྱི་གྲོས་ཆོད་ཡི་གེ་དང་། བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས་ཀྱི་སྲོལ་ཡིག དུག་འགོག་ལྟེ་གནས་ཀྱི་སྲོལ་ཡིག་བཅས་བཟོ་བཅོས་དང་ཁ་གསབ་བྱ་རྒྱུར་ཆོག་མཆན་སྤྲད་པ། དེ་བཞིན་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་རིག་གནས་བཅས་ཀྱི་མཉམ་ལས་དང་རྩ་འཛུགས་འཛུགས་སྐྱོང་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲུབ་འབྲས་ཡིག་ཆ་28ལ་གྲོས་མཐུན་བྱུང་ཡོད།
ཚོགས་འདུའི་ཐོག་ཕ་ཁི་སི་ཐན་གྱིས་2026ལོ་ནས་2027ལོའི་ལོ་འཁོར་གྱི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་གནང་ཡོད།
















