ཞི་ཅིན་ཕིང་དང་ཕེང་ལི་ཡོན་ནས་ཀྲུང་ཁྲའོ་མཛའ་གྲོཌ་རྡོ་རིང་ལ་གཟིཌ་པ།
ཆུ་ཚོད་10དང་སྐར་མ་40ཙམ་ལ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རླངས་འཁོར་ལ་བཞུགས་ཏེ་མུའུ་ཏན་རི་བོའི་འདབས་སུ་གནས་པའི་ཀྲུང་ཁྲའོ་མཛའ་གྲོགས་རྡོ་རིང་དུ་ཕེབས་འབྱོར་ཟིན་པ་དང་ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡིས་ཕེབས་བསུ་ཞུས་པ་རེད། བྱང་ཁོ་རེ་ཡའི་དམག་དཔུང་རོལ་ཆ་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གུས་དམག་གིས་དལ་བུའི་ངང་མེ་ཏོག་སི་ར་འཁྱེར་ནས་སྟེགས་བུར་འཛེགས་ཡོད། མེ་ཏོག་སི་རའི་ཐོག་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས་ཞེས་བྲིས་ཡོད། ཞི་ཅིན་ཕིང་དལ་པོའི་ངང་སྟེགས་བུའི་ཐོག་ཕེབས་ནས་མེ་ཏོག་སི་ར་འཇོག་སྐྱོར་གནང་བ་དང་། དེར་ཡོད་མི་ཚང་མས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། མྱ་ངན་ཞུས་ཚར་རྗེས་ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་གཟབ་སྦྲེང་རུ་ཁག་གི་རྣམ་པར་གཟིགས་གནང་བ་རེད།
ཞི་ཅིན་ཕིང་སྟངས་དཔྱལ་རྣམ་གཉིས་ཅིན་ཀྲེང་ཨེན་སྟངས་དཔྱལ་གྱི་ཕེབས་རོགས་འོག་མཛའ་གྲོགས་དྲན་གསོའི་ཚོམས་ཆེན་དུ་ཕེབས་པ་དང་། ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་མཛའ་གྲོགས་རྡོ་རིང་ནང་ཀྲུང་གོ་མི་དམངས་དང་བླངས་དམག་གིས་བྱང་ཁོ་རེ་ཡའི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་ཁྲག་བཏོན་དམར་འཛིང་བྱས་ཏེ་ཐུན་མོང་ཐོག་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པ་མངོན་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་། པར་རིས། སྣུམ་ཚོན་རི་མོ་བཅས་ངོ་སྤྲོད་གནང་བར་ཞི་ཅིན་ཕིང་གིས་ཞིབ་ཚགས་ངང་གཟིགས་གནང་ཡོད། ཞི་ཅིན་ཕིང་གིས་དོ་ནན་གྱིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མིང་ཐོར་གཟིགས་ནས་ཅིན་ཀྲེང་ཨེན་ལ་རང་སྲོག་བློས་གཏོང་གནང་བའི་དང་བླངས་དམག་གི་དཔོན་དམག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་དུས་རབས་གོང་མའི་ལོ་རབས་50པར་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་དམག་འཐབ་བྱས་པའི་ལོ་ཟླ་ནི་ཕྱོགས་གཉིས་པོའི་ནམ་ཡང་མི་འགྱུར་བའི་ལོ་རྒྱུས་ཀྱི་དྲན་འཆར་ཞིག་ཡིན་པས་ཕྱོགས་གཉིས་པོས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཏེ་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་ཐོག་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་རླབས་ཆེན་གྱི་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
















