ཞི་ཅིན་ཕིང་ཅིན་ཀྲེང་ཨེན་ནས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུཌ་པ།
མུའུ་ལན་ཁང་དུ་ཕེབས་པའི་ལམ་བར་དུ། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་སྤྲོ་སེམས་འཁོལ་བའི་མང་ཚོགས་ཀྱིས་ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་རུ་ཁག་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད། མུའུ་ལན་ཁང་གི་གསོལ་སྟོན་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་མེ་ཏོག་སོས་པས་ཡོངས་སུ་བརྒྱན་པ་དང་། སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད།
དགོང་མོའི་ཆུ་ཚོད་7པ་ཙམ་ལ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་མུའུ་ལན་ཁང་དུ་ཕེབས་འབྱོར་ཟིན་སྐབས། ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་སྟངས་དཔྱལ་ནས་མཉམ་དུ་སྐུ་པར་བསྐྱོན་པ་དང་། བྱང་ཁོ་རེ་ཡའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རུ་སྟར་བསྒྲིགས་ནས་དགའ་བསུ་ཞུས་ཡོད།
དེ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡི་ཕེབས་རོགས་འོག་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ཡོད་ཅིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་དགའ་བསུ་ཞུས་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས་ཤིས་ཚིག་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་ཞིང་ལས་དབང་གཅིག་མཐུན་ཡིན་ཞིང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བཤེས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེག་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་ཟབ་ཏུ་འགྲོ་བཞིན་ཡོད། ད་ལོ་ནི《ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་65འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ད་ཐེངས་ཀྱི་འཚམས་འདྲིའི་རིང་། ང་རང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་གི་འཐབ་ཇུས་མཐོ་ཚད་ཐོག་ནས། དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་བསྟུན་ཏེ། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། དམངས་སེམས་མཐུན་སྦྱོར་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཆུ་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྔར་བས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་པ། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ད་ལོ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། བྱང་ཁོ་རེ་ཡའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཕུགས་ཀྱི་གོང་འཕེལ་ཐད་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་གལ་ཆེན་བྱས་ཏེ། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་དུས་སྐབས་གསར་པ་ཞིག་འགོ་བརྩམས་ཡོད། ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ་བཅས་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་གཙོས་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བྱང་ཁོ་རེ་ཡའི་མི་དམངས་ཀྱིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་རྒྱུ་དང་། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ཆེས་ལྷག་བསམ་རྣམ་དག་གི་དགའ་བསུ་ཞུས་ཡོད། ཅིན་ཀྲེང་ཨེན་གྱིས། དེང་གི་ཕོང་དབྱང་གི་ག་ས་གང་དུ་མཛའ་གྲོགས་ཀྱི་རྣམ་པས་ཁེངས་ཤིང་། བྱང་ཁོ་རེ་ཡའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཆེས་གུས་པར་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་ཐོག་མ་དེ་བྱང་ཁོ་རེ་ཡར་གནང་བ་དེའི་ཐོག་ནས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད་ཅེས་གསུངས་ཡོད།
ཅིན་ཀྲེང་ཨེན་གྱིས། ང་རང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དུས་ཡུན་ཟླ་བ་དགུ་སོང་རྗེས་སླར་ཡང་མཇལ་འཛོམས་བྱུང་བ་དང་། དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ཟུང་འབྲེལ་གྱིས་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་རྒྱ་ཁྱབ་ངང་དགོངས་འཆར་བརྗེ་རེས་བྱས་པས། ལོ་རྒྱུས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་པའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་ཐེབས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་གི་ཆེད་ལེགས་སྐྱེས་འབུལ་ཐུབ་ངེས་རེད། བྱང་ཁོ་རེ་ཡའི་མི་དམངས་ཀྱིས་སྤུན་ཟླ་ཀྲུང་གོའི་མི་དམངས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བཅས་བྱེད་པའི་རྒྱང་ལམ་གསར་པའི་ཐོག་གྲུབ་འབྲས་སྔར་ལས་ཆེ་བ་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག
















