ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པར་བླང་བྱ་ནན་པོ་བཏོན།

2026-04-09 17:19:00     责编:卓玛才让
 དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་ཚེས་8ཉིན་གྱི་སྔ་དྲོ་རྒྱལ་སྲུང་སློབ་ཆེན་དུ་སློབ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་ཁྲིད་དུ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཐོག བསམ་བློའི་ཐད་དག་ཐེར་བྱེད་པ་དང་། ཆབ་སྲིད་ཀྱི་སྦྱོང་སྒྲིག་གཏིང་ཟབ་ཏུ་གཏོང་བ། རང་དམག་ལས་བྱེད་པའི་དཔུང་ཁག་གི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་ལྷད་མེད་གཟི་བརྗིད་རྒྱུན་འཁྱོངས་བཅས་བྱས་ནས། ཆབ་སྲིད་ཀྱི་རྣམ་པ་གསར་རྐྱང་གི་ཐོག་ནས་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རང་རེའི་ཏང་དང་རང་རེའི་དམག་ནི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་གོང་བུ་གཅིག་ཏུ་སྒྲིལ་བ་ཞིག་ཡིན་པས། ཏང་འདི་དང་དམག་དཔུང་འདིར་ཞུགས་ན། མར་ཁེ་སིའི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པ་དང་། ཏང་གི་དད་མོས་དང་། ཏང་གི་རྩ་འཛུགས། ཏང་གི་བྱ་གཞག་བཅས་ལ་ལྷག་བསམ་རྣམ་དག་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱས་ནས། དེའི་ནང་ཁྱབ་པའི་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཐོག་གི་རིག་པ་དྭངས་གསལ་ལ་བརྟེན་ནས་ཆབ་སྲིད་ཐོག་གི་ལངས་ཕྱོགས་བརྟན་པོ་འགན་ལེན་བྱེད་དགོས། དམག་དཔུང་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། སྐད་ཆ་དྲང་པོ་ཤོད་པའི་མིག་དཔེ་ཡག་པོ་བྱེད་པ། མི་གཞན་དང་མཉམ་རོགས་བྱེད་ཐུབ་པའི་བློ་རྒྱ་ཆེན་པོ་སྐྱེད་པ། གནས་ཚུལ་ངོ་མ་ཤོད་པ་དང་། བསམ་འཆར་ཡོད་ན་ཐད་ཀར་འདོན་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོའི་ཏང་ནི་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པས། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་པ་དང་། སྒེར་གྱི་ཁེ་དབང་དོན་གཉེར་དང་ལྐོག་ཟ་རུལ་སུངས་ཀྱི་བསམ་བློ་དང་བྱ་སྤྱོད་མཐའ་དག་ཏང་གི་ངོ་བོ་དང་དམིགས་ཡུལ་དང་གཏན་ནས་མི་མཐུན་པ་ཞིག་རེད། དམག་དཔུང་གི་རིམ་པ་ཁག་གི་ལས་བྱེད་པས་རང་རྟོགས་ངང་རང་ཉིད་ཀྱི་གནས་བབ་གསལ་པོ་ཤེས་པར་བྱེད་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ཏེ། མང་ཚོགས་དང་རིང་དུ་གྱེས་པའི་སྒེར་སེམས་སྣ་ཚོགས་ཁྱད་གསོད་བྱེད་དགོས། མཐོ་རིམ་ལས་བྱེད་པས་ཚང་མའི་སྣེ་ཁྲིད་དེ་རང་རེའི་ཏང་དང་རང་རེའི་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་དགོས་པ་དང་། དཔོན་ཉམས་དོར་བ་དང་། གསར་བརྗེའི་དམག་མིའི་རང་གཤིས་ཐོག་ཚུར་ལོག་ནས། དར་སྲོལ་གསར་པ་དང་སྤྱོད་ཚུལ་བཟང་པོ་དམག་དཔུང་ཁྲོད་དར་སྤེལ་སྔར་བས་ཤུགས་ཆེན་གཏོང་དགོས། སྒྲིག་ཁྲིམས་ཤེས་པ་དང་། སྒྲིག་ལམ་ཤེས་པ། གུས་སྐྲག་ཤེས་པ་བཅས་བྱས་ཏེ། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་བྱེད་པའི་ཁྲོད་སུ་ཞིག་ལའང་དམིགས་བསལ་མེད་པ་དང་། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པའི་ཁྲོད་སུ་ཞིག་ལའང་དམིགས་བསལ་མེད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རང་རེའི་ཏང་དང་རང་རེའི་དམག་ནི་ནོར་འཁྲུལ་གྱི་བསམ་བློ་དང་སྤྱོད་ཚུལ་སྣ་ཚོགས་ལ་འཐབ་རྩོད་བྱེད་པའི་ཁྲོད་དུ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་མི་དམངས་དམག་དཔུང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གི་སྔར་བྱུང་མྱོང་མེད་པའི་མཐུན་སྒྲིལ་གཅིག་གྱུར་ལ་བརྟེན་ནས། གསར་བརྗེའི་སྔོན་བྱོན་པ་ཚོར་ངོ་གནོང་མི་དགོས་པ་དང་། ལོ་བརྒྱའི་བྱ་གཞག་ཆེན་པོར་ངོ་གནོང་མི་དགོས་པ། རླབས་ཆེན་དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བ་དང་དར་རྒྱས་གཏོང་བའི་ལེའུ་གསར་པ་རྩོམ་འབྲི་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།

ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་དུས་ཐེངས་དང་པོའི་སློབ་མ་དང་། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཞུགས་ཡོད་པ་རེད། སློབ་འགོ་ཚུགས་པའི་མཛད་སྒོ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་སྒྲིག་འཛུགས་བྱས་པ་དང་། དམག་ཡོངས་ཀྱི་འབྲེལ་ཡོད་ཅུན་ཤོག་རིམ་པ་ཡན་གྱི་ཚན་པར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པར་བླང་བྱ་ནན་པོ་བཏོན།