ཞི་ཅིན་ཕིང་གིས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཐད་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་1ཚེས་30ཉིན་གྱི་ཕྱི་དྲོར་རྒྱང་ལྟའི་བཀོད་སྒྲིག་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་ངང་འགྲོ་བཞིན་ཡོད་པ་དང་། ལག་རྩལ་གསར་ཤོས་རྒྱུན་ཆད་མེད་པར་ཐོན་ནས་འབྱུང་འགྱུར་ཐོན་ལས་མགྱོགས་མྱུར་ངང་དར་རྒྱས་ཡོང་བར་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ཤིང་། དངོས་ཡོད་ཀྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་བསྡུར་བའི་བཟང་ཆ་འདོན་སྤེལ་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་རིམ་ལྡན་གསོ་སྐྱོང་མཐའ་འཁྱོངས་བྱས་ནས། རང་རྒྱལ་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འགག་སྒྲོལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་བློ་མཐུན་ཡུས་ཞའོ་ཧུའེ་ཡིས་གནད་དོན་དེར་གསལ་འགྲེལ་གནང་བ་དང་ལས་ཀའི་གྲོས་འགོ་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད། གྲོས་བསྡུར་ཡང་གནང་ཡོད།
ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། འབྱུང་འགྱུར་ཐོན་ལས་གསོ་སྤེལ་དང་འཕེལ་རྒྱས་གཏོང་རྒྱུ་དེ། ཚན་རྩལ་དང་ཐོན་ལས་ཀྱི་མཐོ་ས་འཛིན་རྒྱུ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་རྒྱུ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་མི་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་ཕྱོགས་བཟང་པོ་མངོན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འབྱུང་འགྱུར་ཐོན་ལས་ལ་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྩ་སློག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པས། ཚན་རིག་དང་མཐུན་པའི་འཆར་འགོད་དང་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་བྱེད་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་རྒོལ་ཁ་ཕྱོགས་ལ་དམིགས་ཐོག ལག་རྩལ་གྱི་ལམ་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་ཏེ། ལག་རྩལ་གསར་ཤོས་ཀྱི་འཐབ་ཇུས་སྔོན་དཔག་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་། ལག་རྩལ་བྱང་ཆུབ་ཚད། རྐྱེན་གཙོའི་འདེགས་སྐྱོར་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་ཐབས་སྒྱུར་གོང་འཕེལ་གཏོང་དགོས། ཐོན་ལས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྱུང་འགྱུར་ཐོན་ལས་དེ་གསར་དར་ཐོན་ལས་དང་སྲོལ་རྒྱུན་ཐོན་ལས་དང་མཉམ་དུ་ཆར་པ་ཆུ་གྲོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཚན་རྩལ་ཚད་བརྒལ་བྱུང་བའི་ཚད་ཀྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་འབྱུང་འགྱུར་ཐོན་ལས་ཀྱི་འཕེལ་རྒྱས་མྱུར་ཚད་དང་རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་ཐག་གཅོད་བྱེད་ཀྱི་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་སྒྲིག་སྲོལ་གསར་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཐོག “ཐོན་ལས་ཀྱིས་དྲི་བ་འདོན་པ་དང་། ཚན་རྩལ་གྱིས་དྲི་བར་ལན་འདེབས་པ་”མཐའ་འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་བེད་སྤྱོད་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འབྱུང་འགྱུར་ཐོན་ལས་མང་པོ་ཞིག་དར་རྒྱས་ཡོང་བ་ནི་ཁེ་ལས་ཀྱིས་རིམ་པ་བཞིན་ཚད་བརྒལ་བྱེད་པར་བརྟེན་ནས་སྐུལ་ཁྲིད་བྱས་པ་ཞིག་རེད། ཁེ་ལས་ཀྱི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱས་ཏེ། རིགས་ཁག་གི་གསར་གཏོད་ཐོན་ཁུངས་དག་ཁེ་ལས་ཀྱི་ཕྱོགས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལྟེ་བའི་ལག་རྩལ་སྔོན་ཐོན་དང་གསར་གཏོད་ནུས་པ་ཆེ་བའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ཐོན་ལས་མདུན་གྲལ་དང་རྩེར་སོན་ཁྱབ་ཁོངས་སུ་བསྐྱོད་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འབྱུང་འགྱུར་ཐོན་ལས་གསོ་སྤེལ་གྱི་དུས་ཡུན་རིང་བ་དང་ཁྲོམ་རའི་ཉེན་ཁ་ཆེ་བས། སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་སྲིད་གཞུང་གིས་ཞབས་ཞུ་ཡག་པོ་བསྒྲུབ་དགོས། ནོར་ཁྲལ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་རྒྱ་ཆེ་བས། ངེས་པར་དུ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། ཚན་རིག་དང་མཐུན་པའི་ནུས་ལྡན་གྱི་ལྟ་སྐུལ་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱས་ནས་འབྲེལ་ཡོད་ཉེན་ཁ་སྔོན་འགོག་བྱས་ཏེ། “གློད་ཡག་པོ་ཐུབ་”ལ་“སྡོམ་ཡང་ཡག་པོ་ཐུབ་པའི་”འགན་ལེན་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་ཁག་གི་ཚད་གཞི་མཉམ་དུ་འཛུགས་རྒྱུ་དང་སྒྲིག་སྲོལ་མཉམ་དུ་གྲོས་མོལ་བྱ་རྒྱུ། ཐོན་ལས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་གསར་ཤོས་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་ཤེས་པ་དང་། ཐོན་ལས་རྟོགས་པ། ཐབས་ཇུས་འདིང་མཁས་པ་བཅས་ཡོང་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།
















