ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུཌ་བློན་ཆེན་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་འགྱུར་ལྡོག་མཉམ་འདྲེས་སུ་གནས་ཡོད་པས། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པའི་ངོས་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའམ་ཡང་ན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་དམངས་འཚོར་སྐུལ་འདེད་གཏོང་བ་གང་ཡིན་རུང་། སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་རྒྱུན་འཁྱོངས་དང་། ཕྱོགས་འགལ་ལས་བརྒལ་བ་དང་ཕན་ཚུན་བརྩི་འཇོག་བྱེད་པ། ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ལ་“བྱ་གཞི་ཆེན་པོ་ཡོད་པའི”མངོན་མེད་སྟོབས་ཤུགས་དེ་དག་“བྱ་གཞི་ཆེན་པོ་ཡོད་པའི”གྲུབ་འབྲས་དངོས་ལ་བསྒྱུར་ནས། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དང་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་འདོད་ཡོད། དེ་ལྟར་བྱས་ཚེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་ལ། འཛམ་གླིང་ལའང་ཕན་བདེ་བསྐྲུན་ཐུབ་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕན་ཚུན་ཡིད་ཆེས་བྱེད་པ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་པའི་རྨང་གཞི་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་ངང་དམག་འཁྲུག་གཅིག་ཀྱང་བསླངས་མྱོང་མེད་ལ། རྒྱལ་ཁབ་གཞན་གྱི་ས་ཆ་སོར་གང་ཡང་བཙན་བཟུང་བྱེད་མྱོང་མེད། ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་གང་འདྲ་ཕྱིན་རུང་རྒྱལ་ཁབ་གཞན་ལ་འཇིགས་སྐུལ་བཟོ་མི་སྲིད། ཀྲུང་གོའི་རིག་གནས་སྲོལ་རྒྱུན་གྱིས་འཆམ་མཐུན་ཉིད་རྩ་བའི་རྩེ་མོར་འཛིན་གྱི་ཡོད་ལ། དོན་གཉེར་བྱེད་པ་ནི་བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ་དེ་ཡིན། ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་རྒྱུ་དེ་ཡིན། ད་ལོ་ནི་ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོ་ཡིན་པས། ཕྱོགས་གཉིས་པོས་སློབ་གསོ་དང་། སྨན་བཅོས། དངུལ་རྩ། ཞབས་ཞུའི་ལས་རིགས་བཅས་ཀྱི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། མི་ཐབས་རིག་ནུས་དང་། སྐྱེ་དངོས་ཚན་རིག ནུས་རྒྱུ་གསར་པ། ཐཱན་ཉུང་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཞིབ་འཇུག་དང་ཐོན་ལས་བརྗེ་སྒྱུར་བྱས་ནས། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་དགོས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་གཞུང་དྲང་དང་། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་དང་དབྱིན་ཇི་ནི་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས། གཉིས་ཀས་མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་དམ་ཟབ་བྱས་ཏེ། མི་སྣ་འགྲོ་འོང་སྔར་བས་སྟབས་བདེ་ཡོང་བ་བྱེད་དགོས། དབྱིན་ཇིའི་སྲིད་གཞུང་དང་། གྲོས་ཚོགས་ཁང་། ས་གནས་ལས་རིགས་ཁག་བཅས་ནས་ཀྲུང་གོར་འཚམས་འདྲིར་མང་ཙམ་ཕེབས་ནས། ཀྲུང་གོར་ཁྱོན་ཡོངས་དང་། དོན་དངོས། ཡང་དག་པ་བཅས་ཀྱི་ངོས་འཛིན་ཚད་ཟབ་ཏུ་འགྲོ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིར་ཕྱོགས་རྐྱང་པའི་ཐོག་ནས་འཐུས་མཆན་ལག་ཁྱེར་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་པར་བསམ་གཞིག་ཧུར་ཐག་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་མཚམས་ཤིག་གི་རིང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས་། བཙན་དབང་ཆབ་སྲིད་བཅས་ཐལ་རླུང་འཚུབ་པ་ལྟར་ཐོན་ནས་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་གསིག་ཚབས་ཆེན་བཟོས་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་ནི་རྒྱལ་ཁབ་ཁག་ཚང་མས་བརྩི་སྲུང་བྱས་ཚེ་གཞི་ནས་ནུས་པ་དངོས་སུ་ཐོན་ཐུབ། དེའི་ཐད་རྒྱལ་ཁབ་ཆེན་པོས་དེ་བས་ཀྱང་སྣེ་ཁྲིད་བྱེད་དགོས། དེ་ལྟར་མ་བྱས་ན་ཆེ་བས་ཆུང་ཟ་བྱེད་པའི་འགྲན་རྩོད་ཀྱི་འཛམ་གླིང་ལ་ཕྱིར་ལོག་བྱེད་སྲིད། ཀྲུང་གོ་དང་དབྱིན་ཇི་ཚང་མས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་དང་ལག་ལེན་བསྟར་ནས། སྔར་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག འདྲ་མཉམ་དང་གོ་རིམ་ལྡན་པའི་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་གོ་ལ་ཧྲིལ་པོ་ཅན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད།
སི་ཐ་མོ་ཡིས་རྒྱལ་པོ་ཁྲའར་སི་སྐུ་ཐོག་གསུམ་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་དང་། སི་ཐ་མོ་ཡིས། ང་རང་ལོ་བརྒྱད་རིང་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱེད་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་དུ་གྱུར་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ད་ཐེངས་རང་ཉིད་ནས་དབྱིན་ཇིའི་བཟོ་ཚོང་དང་རིག་གནས་ལས་རིགས་ཀྱི་འཐུས་ཚབ་གལ་ཆེན་60ལྷག་ཙམ་གྱི་སྣེ་ཁྲིད་ནས་ཀྲུང་གོར་འཚམས་འདྲིར་ཡོང་བ་ཡིན། དེའི་ཐོག་ནས་དབྱིན་ཇི་དང་ཀྲུང་གོའི་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱེད་པའི་ཆོད་སེམས་མཚོན་ཐུབ། དབྱིན་ཇི་དང་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གལ་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཅིག་ཡིན་པས། མིག་སྔའི་ཟང་ཟིང་དང་ཉམས་ཞན་གྱི་རྒྱལ་སྤྱིའི་དུས་བབ་འོག དབྱིན་ཇི་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོ་ཕྱོགས་དང་ཡུན་རིང་དང་བརྟན་ལྷིང་གི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། དབྱིན་ཇི་ཕྱོགས་ཀྱིས་ཐའེ་ཝན་གྱི་གནད་དོན་ཐད་ཡུན་རིང་ལག་བསྟར་བྱེད་པའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་ལ་འགྱུར་བ་གཏོང་ཡང་མི་སྲིད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། སྐད་ཆ་ཤོད་རེས་དང་སྤེལ་རེས་དམ་ཟབ་བྱེད་པ། ཉོ་ཚོང་དང་། མ་འཇོག དངུལ་རྩ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་གྱི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་རམ་འདེགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད། མི་དམངས་དབར་གྱི་འགྲོ་འོང་ཇི་ཙམ་གྱིས་ཟབ་ན། ཕན་ཚུན་ཤེས་རྟོགས་དེ་ཙམ་གྱིས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་སོགས་ལས་རིགས་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཤང་ཀང་གི་དར་རྒྱས་བརྟན་ལྷིང་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཤང་ཀང་འདི་ཉིད་དབྱིན་ཇི་དང་ཀྲུང་གོའི་བར་གྱི་དམིགས་བསལ་གྱི་འབྲེལ་ཟམ་གལ་ཆེན་ཞིག་ལ་འགྱུར་བ་མཐོང་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་འགག་རྩའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
















