ཞི་ཅིན་ཕིང་གིས་ཨོའར་ཤིས་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཝུ་ར་ཀུའེ་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་མཉམ་ལས་མཉམ་རྒྱལ་གྱི་རོགས་ཟླ་བཟང་པོ་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་36སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ང་རང་ནས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། བདམས་ཐོན་བྱུང་བའི་ཙུང་ཐུང་ཨོའར་ཤིས་དང་མཉམ་དུ་འབད་བརྩོན་ཆེན་པོས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།
ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཝུ་ར་ཀུའེ་ཡི་བདམས་ཐོན་བྱུང་བའི་ཙུང་ཐུང་གཞོན་པ་ཀའོ་སིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།