རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟཊ་དང་གཟི་བརྗིད་མཚན་སྙན་བསྩལ་བ།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་མཛད་སྒོར་ཞུགས་པ་དང་། ཚའེ་ཆི་ཡིས་མཛད་སྒོ་གཙོ་སྐྱོང་གནང་ཡོད།
ཆུ་ཚོད་9པ་ཙམ་ལ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལྷན་དུ་གུས་མཚོན་རླངས་འཁོར་ལ་བཞུགས་ཏེ་བཞུགས་གནས་ནས་ཐོན་འགོ་ཚུགས་པ་དང་། གུས་མཚོན་སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་དུ། གུས་ལུགས་དམག་གཞུང་ལམ་གྱི་གཞོགས་གཉིས་སུ་ལངས་ཡོད་པ་དང་། གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་བའི་དགའ་འབོད་བྱས་ཏེ་གུས་ལུགས་མཚོན་པར་བྱས་ཡོད། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ནས་ས་གདན་དམར་པོ་བརྒྱུད་དེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྐྱོད་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཀྱིས་གནས་འདིར་ཁོང་རྣམ་པར་བསུ་བ་ཞུས་ཡོད།
མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་གྱི་རྣམ་པ་སྒམ་བརླིང་ལྡན་ལ་སྤྲོ་སྣང་གིས་ཁེངས། རྒྱབ་ལྗོངས་པང་ལེབ་དམར་པོ་ཆེན་པོ་དེའི་ཐོག་བྲིས་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། མཛའ་བཤེས་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བཅས་ཀྱི་མཛེས་རིས་ལས་འོད་མདངས་འཚེར་བཞིན་ཡོད། རྒྱབ་ལྗོངས་པང་ལེབ་ཀྱི་མདུན་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་18གཡས་གཡོན་གཉིས་སུ་དབྱེ་ཡོད་པ་དང་། དཔའ་ཉམས་དོད་པའི་གུས་ལུགས་དམག་18ཀྱིས་མེ་མདའ་འཁྱེར་ནས་ཀྲོང་ངེར་ལངས་ཡོད།
ཆུ་ཚོད་9དང་སྐར་མ་58ཐོག སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ལྷན་དུ་ཚོགས་རའི་ནང་ཕེབས་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས། སྤྲོ་སེམས་ཆེན་པོས་ཐལ་མོ་བརྡབས་ཡོད།
ཆུ་ཚོད་10པ་ཏག་ཏག་ལ་དམག་མིའི་རོལ་ཆ་ཚོགས་པའི་དུང་བརྡ་གཏོང་མཁན་གྱིས་མཛད་སྒོ་གཉེར་རྒྱུའི་དུང་བརྡ་གྲགས་པ་དང་བསྟུན་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འགོ་ཚུགས་ཡོད། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་བསྟུན་ཚོགས་ར་ཡོངས་ཀྱི་མི་ཚོས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
ཚའེ་ཆི་ཡིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱང་གནང་ཡོད། ཀྲུའུ་ཞིའི་བཀའ་རྒྱའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་ཕུལ་བྱུང་འཇོག་མཁན་དཔེ་བཟང་མི་སྣར་གཟེངས་བསྟོད་གཟབ་རྒྱས་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་གཏན་འབེབས་གཞིར་བཟུང་སྟེ། ཝང་ཡུང་ཀྲི་སོགས་མི་4ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་པ་དང་། ཏིའར་མ·ལུའོ་སའེ་ཕུའུ་ལ“མཛའ་བཤེས་གཟེངས་རྟགས”སྤྲད་པ། ཝང་ཞའོ་མོའོ་སོགས་མི་10ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་ཡོད་ཅེས་འཁོད་ཡོད།
དར་ཆ་སྒྲེང་མཁན་གཉིས་ཀྱིས་སྐར་ལྔའི་དར་དམར་མཐོན་པོར་སྒྲེང་བ་དང་། གུས་དམག་གསུམ་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་མཛའ་བཤེས་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བཅས་ལག་ཏུ་ཁྱེར་ནས་གོམ་སྟབས་བརྟན་པོ་སྤོས་ཏེ་མཛད་སྒོ་སྤེལ་སར་བསྐྱོད་ཡོད།
བརྗིད་ཉམས་ལྡན་པའི《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས་གནང་བ་དང་འབྲེལ། ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་བཀྲ་ཤིས་རྟེན་འབྲེལ་ཞུས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་བྱས་རྗེས་དཔེ་བཟང་མི་སྣར་མཛེས་པའི་མེ་ཏོག་སོས་པ་ཕུལ་ནས་གུས་འདུད་ཞུས་པ་རེད།
ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་དཔའ་བོ་དཔེ་བཟང་དང་། “མཛའ་བཤེས་གཟེངས་རྟགས”ཐོབ་པའི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་པ་དང་། རླབས་ཆེན་མེས་རྒྱལ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ། ཀྲུང་ཧྭ་མི་རིགས་འདི་ཉིད་རླབས་ཆེན་བསྐྱར་དར་གྱི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ཟིལ་རླབས་དགུང་འཕྱུར་འདྲ་བའི་གོང་འཕེལ་གྱི་ལོ་རྒྱུས་ལམ་བུ་འདིའི་ཐོག་འཐབ་ཕྱོགས་ཁག་ནས་དཔའ་བོ་དཔེ་བཟང་ཁག་དང་ཁག་བྱས་ནས་ཐོན་ཡོད། དེ་རིང་གཟེངས་བསྟོད་ཐོབ་པའི་བློ་མཐུན་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་བྱུང་འཐུས་ཚབ་རེད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་མངོན་གསལ་དོད་པའི་ལེགས་སྐྱེས་དེ་དག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་རྒྱུ་དང་། ཁོང་ཚོའི་བློ་དཀར་སེམས་དཀར་དང་། སྙིང་རུས་ཆེ་བ། བབ་ཆགས་པ་བཅས་ཀྱི་ཕུལ་བྱུང་གཤིས་རྒྱུད་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རང་རྒྱལ་འདི་ཉིད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་བོ་དཔེ་བཟང་མིག་དཔེར་བཟུང་སྟེ། མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་ཀྱིས་རྒྱལ་ཁབ་སྟོབས་ཆེན་གྱི་བྱ་གཞག་ཐུན་མོང་ཐོག་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་སེམས་སུ་བརྟན་པོར་འཆང་ཐོག རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ལྡན་པར་འགྱུར་རྒྱུའི་རེ་སྒུག་བྱས་ཏེ། བློ་སེམས་དཀར་བའི་སྒོ་ནས་རྒྱལ་གཅེས་དང་རྒྱལ་ཁབ་ལ་དྲིན་གཟོ་བའི་དམ་བཅའ་འཇོག་པ་དང་། རང་ཉིད་ཆུང་ངུ་དེ་རྒྱལ་ཁབ་ཆེན་པོའི་ནང་དུ་འདུས་པར་བྱེད་ཅིང་། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་སྒེར་གྱི་རིན་ཐང་མངོན་འགྱུར་དང་མི་ཚེའི་གཟི་མདངས་མངོན་པར་བྱེད་དགོས། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྩལ་ནུས་ཞུན་བརྡར་བྱེད་པ་དང་། དུས་རབས་གོང་འཕེལ་གྱི་བླང་བྱ་གསར་པ་དང་བསྟུན་པ། ཤེས་བྱ་གསར་པ་སློབ་སྦྱོང་དང་རྩལ་ནུས་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་ངོ་མ་སྦྱོང་བ་བཅས་བྱས་ནས། བྱ་བ་གང་ཞིག་སྒྲུབ་ན་དེར་དགའ་ཞེན་དང་། གང་ཞིག་ལ་བརྩོན་ཞིབ་བྱས་ན་དེའི་ཕྱོགས་ལ་མཁས་པར་བྱས་ཏེ། ལས་སྒྲུབ་ལས་གཏོད་ལ་མཁས་པའི་ལས་གནས་འཇོན་ཐང་ཅན་དང་གོམས་བྱང་ཅན་དུ་འགྱུར་བར་འབད་བརྩོན་བྱེད་དགོས། སྙིང་སྟོབས་ཆེན་པོས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཐད་བྱས་རྗེས་འཇོག་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་དང་བདག་པོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས། ཡར་རྒྱས་བརྩོན་ལེན་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། ཕུལ་བྱུང་དོན་གཉེར་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བཅས་བྱས་ཏེ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་གཏོད་པ་དང་། གོང་འཕེལ་གྱི་དཀའ་གནད་སེལ་བ་དང་བསྒྱུར་བཅོས་ཀྱི་དཀའ་གནད་སྒྲོལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ལོ་ངོ་75ཡི་རིང་འཛམ་གླིང་ཐོག་ཀྲུང་གོ་མི་དམངས་དང་བློ་སེམས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་མང་པོ་ཡོད། དེ་རིང“མཛའ་བཤེས་གཟེངས་རྟགས”ཐོབ་པའི་མཁྱེན་ལྡན་མ་ཏིའར་མ•ལུའོ་སའེ་ཕུའུ་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཅིག་རེད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གོང་འཕེལ་གཏོང་བ་དང་། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་མཐུན་ཟབ་ཏུ་གཏོང་ཆེད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་རྒྱལ་སྤྱིའི་གྲོགས་པོ་རྣམས་དུས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད། མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱེད་འདོད་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ངོ་མཚར་གྱི་རྣམ་པ་གསར་པ་ང་ཚོས་ཐུན་མོང་ཐོག་གཏོད་དགོས་པ་དང་ལོ་རྒྱུས་གསར་པ་ང་ཚོས་ཐུན་མོང་ཐོག་གཏོད་དགོས། དམིགས་ཚད་གཏན་འཁེལ་དང་། སེམས་ནུས་གཅིག་སྒྲིལ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་ཐུན་མོང་ཐོག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་ནན་སྟོན་གནང་བ་རེད།
གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཧོང་ཙུང་ཏེ་དང“མཛའ་བཤེས་གཟེངས་རྟགས”ཐོབ་མཁན་ཏིའར་མ•ལུའོ་སའེ་ཕུའུ་ཡིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད།
གཟེངས་རྟགས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
པེ་ཅིང་དུ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁག་གཅིག རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁག་གཅིག ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་གནང་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་གཉེན་ཉེའི་འཐུས་མི། ལས་འཁུར་བྱེད་སའི་ལས་ཁུངས་ཀྱི་འཐུས་མི། དེ་སྔ་བྱས་རྗེས་ཀྱི་གཟི་བརྗིད་གཟེངས་རྟགས་ཐོབ་མཁན་གྱི་འཐུས་མི། ཀྲུང་གོར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་པ། ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སོགས་མི་གྲངས་1000ཙམ་གཟེངས་བསྟོད་སྤྲོད་པའི་མཛད་སྒོར་ཞུགས་གནང་ཡོད།