ཞི་ཅིན་ཕིང་གིས་ཤིན་ཅང་གི་ལས་བྱེད་པ་གསོ་སྐྱོང་ཐད་བསྟན་དོན།
ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་70འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་འཛིན་གྲྭ་བཙུགས་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ལོ་70ཡི་རིང་ཤིན་ཅང་འཛིན་གྲྭས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་གོམ་སྟབས་དང་བསྟུན་ནས་མདུན་སྐྱོད་བྱས་ཏེ། སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ། སྲིད་ཇུས་ཁོང་དུ་ཡག་པོ་ཆུད་པ། དམངས་ལ་བདེ་སྐྱིད་སྐྲུན་པའི་ཕུགས་བསམ་ཡོད་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པས། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། རྒྱང་སྐྱོད་གསར་པའི་ཐོག་ཤིན་ཅང་འཛིན་གྲྭ་བཙུགས་ནས་ལོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩི་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བསྟར་བ། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་ཐབས་ཇུས་འཐུས་ཚང་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ། “ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི”ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་གི་ཁྱད་ཆོས་དང་ལས་ཀའི་དོན་དངོས་ཀྱི་དགོས་མཁོར་དམ་པོར་གཞིགས་པ། རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་ལྷག་པར་དུ་གཞི་རྩའི་གསོ་སྦྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྩ་བ་བརྟན་གཏོང་དང་སེམས་ནུས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་འཛིན་གྲྭ་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབད་བརྩོན་ཆེན་པོས་ཤིན་ཅང་འཛིན་གྲྭ་དེ་བས་སྤུས་ཚད་ལྡན་པ་དང་དེ་བས་ཕན་འབྲས་ལྡན་པ་ཞིག་ཏུ་གཉེར་བ་བཅས་བྱས་ནས། ཤིན་ཅང་གི་ཆེད་དུ་ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་འབྲེལ་ཡོདཚན་པས་མཛུབ་ཁྲིད་རོགས་ལས་བྱེད་པ་དང་། ཤིན་ཅང་གིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། ཀྲུང་དབྱང་ཏང་གི་སློབ་གྲྭས་གཙོ་གཟུགས་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ལས་ཀའི་གནས་སྟངས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཤིན་ཅང་འཛིན་གྲྭ་ཡག་པོ་གཉེར་ཆེད་ཆ་རྐྱེན་བཟང་པོ་གཏོད་པ་དང་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་70འཁོར་བའི་བཞུགས་མོལ་ཚོགས་འདུ་དེ་ཟླ་9ཚེས་21ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་སློབ་སྤྱི་ཁྲེན་ཞི་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བར་དམིགས་ཏེ་ཤིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཤིན་ཅང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཤིན་ཅང་གི་ལས་བྱེད་པའི་ཁྱད་ཆོས་དང་ལས་ཀའི་དགོས་མཁོར་དམ་པོར་གཞིགས་ཏེ། སློབ་གསོ་གསོ་སྦྱོང་གི་མ་ལག་རང་བཞིན་དང་དམིགས་སའི་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རྩའི་གསོ་སྦྱོང་ཏན་ཏིག་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་འགྲིལ་གྱིས་ཤིན་ཅང་གི་ཆེད་དུ་ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང་) ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སྒྲིག་འཛུགས་པའི་འཐུས་མི། སློབ་མའི་འཐུས་མི་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། པ་སངས་ལྷ་མོ།