ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཤར་ཐི་མོར་གྱི་ཙུང་ཐུང་ཨོར་ཐ་དང་མཇལ་མོལ་གནང་བ།

2024-07-31 11:10:00     责编:娜科

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་7ཚེས་29ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཤར་ཐི་མོར་གྱི་ཙུང་ཐུང་ཨོར་ཐ་དང་མཇལ་མོལ་གནང་བ་རེད། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་29ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་གཉེར་ནས་ཤར་ཐི་མོར་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་རུ་ཙེ•ལ་མོ་སི•ཨོར་ཐ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། 

པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་ནས་གུས་ལུགས་མཚོན་པའི་མེ་སྒྱོགས་ཐེངས་21འཕངས་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།

 

 

ཨོར་ཐར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ལི་གཞོན་པ་དང་། ཕྱི་འབྲེལ་དང་མཉམ་ལས་པུའུ་ཡི་པུའུ་ཀྲང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་སོགས་ཡོད་པ་རེད། 

དམག་དཔུང་རོལ་ཆ་རུ་ཁག་གིས་ཤར་ཐི་མོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཡོད་པ་རེད། 

ཨོར་ཐས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། 

རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་རྣམ་འབྱེད་ལ་གཟིགས་པ་རེད། 

ཨོར་ཐ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།

དགའ་བསུ་ཞུ་བའི་མཛད་སྒོ་གྲུབ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨོར་ཐས་མཇལ་མོལ་གནང་བ་རེད། 

ཞི་ཅིན་ཕིང་གིས། ཙུང་ཐུང་སྐུ་ཞབས་ནི་ཤར་ཐི་མོར་གྱི་རྒྱལ་ཁབ་འཛུགས་མཁན་བྱས་པ་ཅན་དང་ཀྲུང་གོ་དང་ཤར་ཐི་མོར་གྱི་མཛའ་གྲོགས་བྱ་གཞག་གི་རྨང་གཞི་འདིང་མཁན་ཞིག་རེད། ཁྱེད་རང་འཚམས་འདྲིར་ཕེབས་པ་དེ་ནི་ཤར་ཐི་མོར་གྱི་ཙུང་ཐུང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་དེ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཤར་ཐི་མོར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་གོ་ནི་ཤར་ཐི་མོར་རང་བཙན་ཡིན་པ་ཁས་ལེན་དང་ཆབས་ཅིག་ཤར་ཐི་མོར་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལྷག་བསམ་རྣམ་དག་དང་སོ་སྲུང་རོགས་རེས་བྱས་ཡོད་ཅིང་། ཆབ་སྲིད་ལམ་ལུགས་དང་། གོང་འཕེལ་གྱི་ཆུ་ཚད། ལོ་རྒྱུས་རིག་གནས་བཅས་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་བཀུར་དང་། ཞི་བདེ་མཉམ་གནས། ཐུན་མོང་གོང་འཕེལ་བཅས་བྱུང་བའི་དཔེ་མཚོན་ཞིག་རེད། གཟའ་འཁོར་གཉིས་གོང་། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལེགས་པར་འཚོགས་པ་དང་། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྤུས་མཐོའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པས། འདིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོས་ཤར་ཐི་མོར་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་འདི་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་པ་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་བསྐྲུན་འདོད་ཡོད་ཅེས་བསྟན་འདུག 

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ནས་ཤར་ཐི་མོར་དང་མཉམ་དུ“དེ་བས་མཐོ་བ་གསུམ”གྱི་དམིགས་འབེན་ལ་ཁ་ཕྱོགས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། གཅིག་ནི་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཆུ་ཚད་དེ་བས་མཐོ་བའི་ཕྱོགས་གཉིས་འབྲེལ་བ་གཏོད་རྒྱུ། ཤར་ཐི་མོར་གྱིས་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱེད་པར་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་། ཤར་ཐི་མོར་བར་གྱི་འཐབ་ཇུས་རོགས་ལས་དང་གོང་འཕེལ་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ཐོག རྒྱལ་ཁབ་གཉིས་པོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པ་བྱས་ནས། ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་ཁ་ཕྱོགས་ཆེན་པོའི་ཕྱོགས་སུ་མདུན་སྐྱོད་བྱེད་འདོད་ཡོད། གཉིས་ནི་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཐོག སྤུས་ཚད་དེ་བས་མཐོ་བའི་དངོས་གཉེར་མཉམ་ལས་བྱ་རྒྱུ། ཐོན་ལས་དར་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འབྲུ་རིགས་རང་མཁོ་རང་སྒྲུབ། དམངས་ཀྱི་འཚོ་བ་ལེགས་བཅོས་སོགས་ཁྱབ་ཁོངས་ཆེན་པོ་བཞིའི་མཉམ་ལས་ལ་གཞིགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་པ་དེ་གོ་སྐབས་ལ་བརྩིས་ནས། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཆུ་བེད་འཛུགས་སྐྲུན་དང་། ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པ། གནོད་འགོག་གནོད་སེལ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་དང་ལག་རྩལ་མཉམ་སྤྱོད་བྱེད་པ། ཆུ་འབྲས་འདེབས་འཛུགས་སོགས་ཞིང་ལས་ཀྱི་མཉམ་ལས་བྱེད་པ། ཉ་ལས་དང་དབུལ་སེལ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཤར་ཐི་མོར་གྱི་དཔལ་འབྱོར་རང་བརྟེན་དང་སྣ་མང་ཅན་གྱི་ཐོག་ནས་གོང་འཕེལ་གཏོང་རྒྱུར་རོགས་འདེགས་བྱ་རྒྱུ་ཡིན། གསུམ་ནི་གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས། བང་རིམ་དེ་བས་མཐོ་བའི་ཕྱོགས་མང་རོགས་ལས་བྱེད་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་སྙིང་སྟོབས་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སོགས་ཕྱོགས་མང་སྟེགས་བུའི་ཐོག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། འདྲ་མཉམ་ཡིན་ལ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཡིན་ལ་ཁོང་ཡངས་ཡིན་པའི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མཉམ་དུ་དར་སྤེལ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཀྱང་ཀྲུང་གོ་དང་ཕོར་ཐེའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་སྒྲིག་འཛུགས་སོགས་སྒྲིག་གཞིའི་ནང་ཤར་ཐི་མོར་བར་ཕྱོགས་གཉིས་དང་ཕྱོགས་གསུམ་གྱི་མཉམ་ལས་དེ་བས་མང་བ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་འདུག 

 

 

ཨོར་ཐ་ཡིས། 1976ལོ་ནས་བཟུང་ང་རང་ནས་ཀྲུང་གོར་འཚམས་འདྲི་ཐེངས་མང་ཞུ་མྱོང་བ་དང་། ཀྲུང་གོར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་བལྟོས་མེད་དབུལ་ཕོངས་སེལ་བས། དེ་ནི་མིའི་རིགས་ཀྱི་ངོ་མཚར་ཡིན་ཞེས་བརྗོད་ཆོག འགྱུར་ལྡོག་གཏིང་ཟབ་འགྲོ་བའི་འཛམ་གླིང་གི་གནས་བབ་མདུན་དུ། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པ་མ་ཟད། སོ་ཏི་ཨ་རབ་དང་དབྱི་རན་དང་དེ་བཞིན་ཕ་ལེ་སི་ཏན་གྱི་ཤོག་ཁག་ཁག་དབར་ཞི་གྲོས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་བྱ་གཞག་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅིང་། ཀྲུང་གོ་འདི་ཉིད་ཞི་བདེ་དང་འགན་འཁུར་བའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ནུས་པ་དང་ཤུགས་རྐྱེན་གང་ལེགས་མངོན་ཡོད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཤར་ཐི་མོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་དེ་བཞིན་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤར་ཐི་མོར་གྱིས་ཀྲུང་གོའི་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དང་། འབྲུ་རིགས་བདེ་འཇགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག ཤར་ཐི་མོར་གྱིས་རྒྱལ་ཁབ་རང་བརྟེན་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད། ཤར་ཐི་མོར་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་ཡི་ཡོད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱས་ཏེ། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ཡོད་ཚད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལྷོ་རྒྱ་མཚོའི་གནད་དོན་དེ་དོ་བདག་རྒྱལ་ཁབ་ཀྱིས་དབྱེན་འབྱེད་གྲོས་མོལ་བྱས་པ་བརྒྱུད་རང་བདག་ངང་ཐག་གཅོད་བྱེད་དགོས་པ་དང་། ཤར་ཐི་མོར་གྱིས་ཀྲུང་གོ་སོགས་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་ལྷན་དུ་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་རླབས་ཆེན་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད། དེས་གནའ་བོའི་ཤར་ཕྱོགས་ཀྱི་ཤེས་དཔལ་དང་བློ་རིག་གང་ལེགས་མཚོན་ཡོད་པས། ཀྲུང་གོ་ཕྱོགས་དང་ལྷན་དུ་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་རོགས་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་ཞིང་ལས། སྦགས་མེད་གོང་འཕེལ། གྲངས་འཛིན་དཔལ་འབྱོར། མཁའ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་མང་པོ་ཞིག་གི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་ཡོད། 

 

 

ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཤར་ཐི་མོར་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད། 

དེ་ཉིན་ཉིན་དགུང་། ཞི་ཅིན་ཕིང་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨོར་ཐར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད། 

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། ཟླ་བ་ཚེ་རིང་། 

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཤར་ཐི་མོར་གྱི་ཙུང་ཐུང་ཨོར་ཐ་དང་མཇལ་མོལ་གནང་བ།