ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་གལ་ཆེན་འདི་ཁྱབ་བསྒྲཊ་བྱས་འདུག
《གཏན་འབེབས》ནང་། བསྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པ་ཞིག་ཡིན་ཞིང་། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་བཏོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེའང་དུས་རབས་འབྱེད་པ་ཞིག་ཡིན་ཞིང་། དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་མ་ལག་ཧྲིལ་པོར་ཇུས་འགོད་བྱས་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་བཏོད་ཡོད་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་རླབས་ཆེན་གྱི་ལོ་རྒྱུས་རང་འགུལ་དང་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། ཤུགས་དང་ལྡན་པའི་འགན་འཁྲི་འཁུར་བ་བཅས་ལ་བརྟེན་ནས། བསམ་བློ་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་བ་དང་། ཁེ་ཕན་སྲ་འགྱུར་གྱི་བཀག་རྒྱ་གཏོར་བ། ཆེས་དཀའ་ངལ་ཆེ་སར་བསྐྱོད་ཕོད་པ་དང་། དཀའ་བ་དང་ལེན་བྱེད་ཕོད་པ། དཀའ་ཉེན་ལ་མི་སྐྲག་པ་བཅས་ཀྱིས་ཕྱོགས་ཁག་གི་སྒྲིག་གཞི་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ་དང་། བསྒྱུར་བཅོས་དེ་ཆ་ཤས་ནས་འཚོལ་ཞིབ་བྱེད་པ་དང་འཁྱག་གཏོར་དཔུང་གཤག་ནས་མ་ལག་འདུས་གྲུབ་ཏུ་འགྱུར་བ། ཁྱོན་ཡོངས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་བར་འཕོ་འགྱུར་ཡོང་བ་བྱེད་པ། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་སྤྱིའི་ཆ་ནས་བཙུགས་ཐོག ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་འཛུགས། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་ཡོང་བ་བྱེད་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱུང་བའི་བསྒྱུར་བཅོས་ཀྱི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱེད་པ་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཕྱོགས་ཁག་གི་ལམ་ལུགས་དེ་བས་ཆ་ལག་ཚང་བ་དང་དེ་བས་ངེས་གཏན་འཁེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཚར་བ་དང་ཏང་གི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དུ་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་པ། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་བསྐྲུན་ཚར་བ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་བསྒྱུར་བཅོས་སྒོ་དབྱེའི་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་ལ། བསྒྱུར་བཅོས་སྒོ་དབྱེའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ཐུབ་ངེས་ཀྱང་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བརྗེ་བསྒྱུར་གྱི་མདུན་དུ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པའི་མདུན་དུ། ངེས་པར་དུ་བསྒྱུར་བཅོས་ལ་མུ་མཐུད་དེ་སྐུལ་འདེད་གཏོང་དགོས། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་སྔར་ལས་འཚམ་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་མང་བས་སྔར་ལས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་སྐྲུན་པའི་ལྡོག་མེད་ཀྱི་བླང་བྱ། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་ཐོག་རྒྱང་བགྲོད་ཐུབ་པར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་ལོ་བརྒྱའི་འགྱུར་ལྡོག་གི་འཕེལ་རིམ་མགྱོགས་པོའི་ཁྲོད་དུ་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དེ་བས་སྲ་ཞིང་བརྟན་པ་དང་སྟོབས་དང་ལྡན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན།
སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གསར་པ་དང་། གཟིགས་ཚུལ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། ཆ་ལག་ཚང་ཞིང་གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྔར་བས་སྐུལ་སློང་དང་ཆེ་རུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་དེད་གཏོང་བ། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུས་འཐེན་ཁྲིད་བྱེད་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དེ་ཐོག་མའི་སྐུལ་སློང་དང་མཐར་གཏུགས་ཀྱི་དམིགས་འབེན་དུ་བྱེད་པ། མ་ལག་འདུས་གྲུབ་ལ་དེ་བས་མཐོང་ཆེན་བྱེད་པ་དང་། གཙོ་གནད་འབུར་ཐོན་ལ་དེ་བས་མཐོང་ཆེན་བྱེད་པ། བསྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་དེ་བས་མཐོང་ཆེན་བྱེད་པ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་པ། མཐོ་རིམ་ཇུས་འགོད་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་གོང་འཕེལ་བཅས་དང་དེ་བས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་སྟོབས་ཆེན་མཁོ་འདོན་བྱེད་དགོས།
སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་གོང་འཕེལ་གཏོང་དགོས་པ་དེ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། 2035ལོར་སླེབས་དུས། ཁྱོན་ཡོངས་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་བསྐྲུན་ཚར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་བར་འགྱུར་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཐུབ་པ་བཅས་ཀྱི་ཐོག་ནས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཚར་བ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུར་གཅིག་སྡུད་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་རྒྱུར་གཅིག་སྡུད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་སྐྲུན་རྒྱུར་གཅིག་སྡུད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་གཅིག་སྡུད། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་གཅིག་སྡུད། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་རྒྱུར་གཅིག་སྡུད། ཏང་གིས་འགོ་ཁྲིད་བྱེད་པའི་ཆུ་ཚད་དང་ཡུན་རིང་གི་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བར་གཅིག་སྡུད་བཅས་བྱས་ཐོག 2029ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་80འཁོར་བའི་སྐབས་སུ། གཏན་འབེབས་འདིའི་ནང་བཏོན་པའི་བསྒྱུར་བཅོས་ཀྱི་ལས་འགན་དག་ལེགས་གྲུབ་ཐུབ་པ་བྱེད་དགོས།
བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱེད་དགོས་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས། ལམ་ལུགས་འཛུགས་སྐྱོང་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། མ་ལག་གི་ལྟ་བ་རྒྱུན་འཁྱོངས་སོགས་ཀྱི་རྩ་དོན་ལག་བསྟར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་དང་། སྲིད་གཞུང་དང་ཁྲོམ་ར། ནུས་ཕྱོད་དང་གཞུང་དྲང་། གསོན་ཤུགས་དང་སྒྲིག་ལམ། གོང་འཕེལ་དང་བདེ་འཇགས་སོགས་དབར་གྱི་གལ་ཆེའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན་འདུག
《གཏན་འབེབས》ནང་། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་མ་ལག་ཅན་གྱི་བཀོད་སྒྲིག་བྱས་ཡོད་ཅིང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཁྱོན་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཛུགས་རྒྱུ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིག་གནས་ཀྱི་སྒྲིག་གཞི་ལམ་སྲོལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། འབྱུང་ཁམས་ཤེས་དཔལ་གྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུ། ཏང་གིས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་འགོ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ནན་སྟོན་བྱས་ཡོད།
《གཏན་འབེབས》ནང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཁྲོམ་རའི་ལམ་སྲོལ་ཀྱི་ནུས་པ་དེ་བས་ལེགས་པ་འདོན་སྤེལ་བྱེད་པ་དང་། དེ་བས་འདྲ་མཉམ་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་པའི་ཁྲོམ་རའི་ཁོར་ཡུག་གཏོད་པ། ཐོན་ཁུངས་བཀོད་སྒྲིག་གི་ནུས་ཕྱོད་ཆེ་ཤོས་དང་ཕན་ནུས་ཆེ་ཤོས་མངོན་འགྱུར་ཡོང་བ་བྱེད་པ། “གློད་ནས་གསོན་ཤུགས་རྒྱས་པར”བྱེད་དགོས་ལ། “དོ་དམ་ཡང་ཡག་པོ”བྱེད་པ། ཁྲོམ་རའི་སྒྲིག་ལམ་ལ་སྔར་བས་སྲུང་སྐྱོང་དང་ཁྲོམ་རའི་མི་འདང་བའི་ཆ་གསབ་པ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྐུལ་སློང་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བརྟན་པོ་དང་གོང་འཕེལ་གཏོང་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་མ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་རྒྱུ་ཆ་སྤྱོད་པ་དང་། གཞུང་དྲང་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། ཁྲིམས་ལུགས་ཀྱི་སྲུང་སྐྱོང་འདྲ་མཚུངས་ཐོབ་པ་བཅས་ལ་འགན་ལེན་བྱེད་པ་དང་། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བཟང་ཆ་གསབ་རེས་དང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་ནས། ཁྲོམ་རའི་རྨང་གཞིའི་ལམ་ལུགས་ཀྱི་སྒྲིག་སྲོལ་གཅིག་གྱུར་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་འདྲ་མཉམ་གཅིག་གྱུར། ཁྲོམ་རའི་སྒྲིག་བཀོད་ཚད་གཞི་མཐོ་བའི་ངང་མཉམ་མཐུད་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་ཞུགས་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཁྲོམ་རའི་ཞུགས་འཐུས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། སྤུས་ཚད་མཐོ་བའི་གོང་འཕེལ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན་པས། ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པས་བསྒྱུར་བཅོས་ལ་ཁྲིད་སྟོན་བྱེད་པ་དང་། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་ཐོག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་གཅུན་སྡོམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་དགོས། ཡུལ་བབ་ལ་གཞིགས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་རྩལ་གསར་བརྗེའི་རང་བཞིན་གྱི་འགག་སྒྲོལ་དང་ཐོན་སྐྱེད་རྒྱུ་ཆའི་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག ཐོན་ལས་བརྗེ་སྒྱུར་རིམ་སྤོར་གཏིང་ཟབ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་བཅས་སྡེབ་སྒྲིག་ལེགས་འགྱུར་དང་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་སྐྱེད་སྲིང་བྱེད་པ། ལག་རྩལ་མཐོ་པོ་དང་། ནུས་ཕྱོད་མཐོ་པོ། སྤུས་ཚད་མཐོ་པོ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་ནུས་པ་གོང་འཕེལ་གཏོང་དགོས། དངོས་གཟུགས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་གསོ་སྤེལ་དང་སྟོབས་ཆེར་གཏོང་བ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་པའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་སྒྲིག་གཞི་ལམ་སྲོལ་གཞི་གཅིག་ཅན་གྱི་བསྒྱུར་བཅོས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱིས་མཉམ་ཤུགས་འདོན་པའི་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཐོག རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གང་མགྱོགས་འཛུགས་པ། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས་བཅས་བྱེད་དགོས། ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་ཤུགས་སྣོན་རྒྱག་པ། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་བཅོས་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཟུགས་གནས་བབ་ཤུགས་ཆེར་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཤེས་ལྡན་མི་སྣ་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམས་སྒྲིག་དང་ནུས་ལྡན་གྱི་སྲིད་གཞུང་གི་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་བཟང་ཆ་འདོན་སྤེལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། ངེས་པར་དུ་སྤྱི་ཁོག་སྙོམས་སྒྲིག་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་ཁྱབ་ཁོངས་གཙོ་བོའི་བསྒྱུར་བཅོས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་གྱུར་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་ཁྲལ་གྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཞིག་ཡིན། ངེས་པར་དུ་བཟོ་ལས་ཅན་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་མཉམ་འདྲེས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་ཆ་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རྩའི་ཁེ་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ས་ཆའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། སྒོ་དབྱེ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཡིན། ངེས་པར་དུ་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་བཟང་ཆར་བརྟེན་པ། རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་གཏོང་བའི་ཁྲོད་སྒོ་དབྱེའི་ནུས་པ་ཆེ་རུ་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་ཅན་གྱི་དཔལ་འབྱོར་སྒྲིག་གཞི་གསར་པ་བསྐྲུན་པ་བཅས་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་དང་ཕྱི་ཕྱོགས་ལ་མ་འཇོག་བྱེད་པའི་དོ་དམ་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་སྒོ་དབྱེའི་གནས་སྟངས་ལེགས་བཅོས་བྱེད་པ། སྤུས་ཚད་མཐོ་པོས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་པ་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གལ་ཆེའི་ཆབ་སྲིད་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་ཁག་གི་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བྱེ་བྲག་དང་དོན་དངོས་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་མངོན་པར་བྱེད་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་གནས་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། ཁྲིམས་སྐྱོང་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགན་ལེན་གལ་ཆེན་ཞིག་ཡིན། ངེས་པར་དུ་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ལྷུ་ཚིགས་ཁག་གི་བསྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་འདྲ་མཉམ་གཞུང་དྲང་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། གཞུང་དྲང་ངང་ཁྲིམས་བསྟར་ཁྲིམས་འཛིན་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་ཡིན། ངེས་པར་དུ་རིག་གནས་བློ་སྤོབས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། ཆ་འཕྲིན་ལག་རྩལ་གོང་འཕེལ་མྱུར་པོ་འགྲོ་བའི་འཕེལ་ཕྱོགས་གསར་པ་དང་འཚམ་པར་བྱེད་པ། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཕུལ་དུ་བྱུང་བའི་རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་པ་བཅས་བྱས་ནས། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་སྒྲིག་གཞི་ལེགས་བཅོས་བྱེད་པ། དྲ་བའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བ། དེ་བས་ནུས་ཡོད་ཀྱི་རྒྱལ་སྤྱིའི་བརྒྱུད་སྤེལ་མ་ལག་འཛུགས་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། གོང་འཕེལ་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན། ངེས་པར་དུ་གང་ཐུབ་ཅི་ཐུབ་དང་རང་ནུས་གང་ལྕོག་གིས་འབད་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ཟམ་མི་ཆད་པར་སྐོང་དགོས། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གསོ་རིག་དང་སྨན་རྫས་འཕྲོད་བསྟེན་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་འབོར་གོང་འཕེལ་ལ་རྒྱབ་སྐྱོར་དང་ཞབས་ཞུ་སྒྲུབ་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན། ངེས་པར་དུ་འབྱུང་ཁམས་ཤེས་དཔལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་ཡོང་བར་བྱེད་པ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཀྱི་སྒྲིག་གཞི་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་ཁམས་ཤེས་དཔལ་གྱི་རྨང་གཞིའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྦགས་མེད་ཐཱན་ཉུང་གི་གོང་འཕེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
《གཏན་འབེབས》ནང་། རྒྱལ་ཁབ་ཀྱི་བདེ་འཇགས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྟན་ཐོག་རྒྱང་བགྲོད་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་དབར་མཐུན་སྦྱོར་གང་ལེགས་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཉེ་འཁོར་གྱི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཁེ་ཕན་དང་མ་འཇོག་གི་ཉེན་ཁའི་སྔོན་བརྡ་གཏོང་བ། སྔོན་འགོག་ཚོད་འཛིན། སྲུང་སྐྱོང་བཅས་ཀྱི་སྒྲིག་གཞི་ལམ་སྲོལ་ཤུགས་ཆེར་གཏོང་བ། བཀག་སྡོམ་ལ་ངོ་རྒོལ་བྱེད་པ་དང་། ཐེ་ཇུས་ལ་ངོ་རྒོལ་བྱེད་པ། ལག་རིང་བརྐྱངས་ནས་གཞན་ལ་དོ་དམ་བྱ་རྒྱུར་ངོ་རྒོལ་བྱེད་པ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་རྒྱུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན། ངེས་པར་དུ་ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། དམག་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་ཀྱི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་ལེགས་སྒྲུབ་ཡོང་བར་བྱེད་པ་དང་། གཞི་རྩའི་ཆ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འགན་ལེན་གང་ལེགས་བྱེད་དགོས། མི་དམངས་དམག་དཔུང་འགོ་ཁྲིད་ཀྱི་དོ་དམ་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་འབྲེལ་དམག་འཐབ་ཀྱི་ལམ་ལུགས་བསྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་བ། དམག་དཔུང་དང་ས་ཁོངས་བརྒལ་བའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན་ཡོད།
《གཏན་འབེབས》ནང་། ཏང་གི་འགོ་ཁྲིད་ནི་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ངེས་པར་དུ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་འགུལ་རྒྱུན་འཁྱོངས་བྱེད་པ་དང་། བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ནན་པའི་ཚད་གཞིའི་ཐོག་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་སེལ་དང་། རང་ངོས་འཐུས་སྒོ་ཚང་དུ་གཏོང་བ། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ཆེའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གིས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གཅིག་སྡུད་གཅིག་འགྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་འཛུགས་སྐྱོང་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་བསྒྱུར་བཅོས་དོན་འཁྱོལ་གྱི་ལས་དོན་དམ་འཛི་ན་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཞི་བས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན། ཕྱི་ཕྱོགས་ཀྱི་ལས་དོན་དེ་ཉིད་སྒྲུབ་པར་ངེས་པར་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་གྱི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་བསྟར་བྱེད་པ། གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། ཕྱི་ཕྱོགས་ལས་དོན་གྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བསྒྱུར་བཅོས་དང་འཛུགས་སྐྲུན་ནང་ཞུགས་པ་དང་དེར་སྣེ་ཁྲིད་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
《གཏན་འབེབས》ཀྱིས། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ནུས་གཅིག་ཏུ་སྒྲིལ་བ། འབད་འབུངས་ཡར་བརྩོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།