《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདི་སྤེལ་འདུག
ཚེས་16ཉིན་པར་སྐྲུན་བྱས་པའི་འདོན་ཐེངས་18པའི《བདེན་འཚོལ》དུས་དེབ་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པ་སྤེལ་བ་རེད།
རྩོམ་ཡིག་ནང་། སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་འཕེལ་ན་རྒྱལ་ཁབ་འཕེལ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་སྔོན་ཁྲིད་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བ་བྱེད་པའི་འདེགས་སྐྱོར་གལ་ཆེན། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བའི་རྨང་གཞིའི་ལས་གྲྭ་བཅས་རེད་ཅེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་སྐོར་ཆེད་མངགས་དོན་ཚན་དབྱེ་ནས་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཞིག་མགྱོགས་མྱུར་བསྐྲུན་རྒྱུའི་དུང་བརྡ་བཏང་ཡོད། ང་ཚོས་འཛུགས་སྐྲུན་བྱ་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་དེ་རྩ་བའི་འགན་ལེན་དུ་འཛིན་དགོས་པ་དང་། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་འཛིན་དགོས་པ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་གལ་ཆེན་དུ་འཛིན་དགོས་པ། སློབ་གསོའི་འདུ་ཤེས་དང་། མ་ལག ལམ་ལུགས། ནང་དོན། བྱེད་ཐབས། བཅོས་སྐྱོང་དེང་རབས་ཅན་བཅས་གཞི་རྩའི་ཐབས་ལམ་དུ་འཛིན་པ། དེང་རབས་ཅན་དུ་འགྱུར་བར་འདེགས་སྐྱོར་དང་སྣེ་ཁྲིད་བྱ་རྒྱུ་དེ་སྲོག་ཤིང་དུ་འཛིན་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་བྱས་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་སྔོན་ལ་བཀོད་སྒྲིག་བྱེད་པ། འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ། ནུས་ཤུགས་ཡོད་རྒུས་རྣམ་པ་གསར་པ་གཏོད་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་རྩ་བ་བརྟན་དུ་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཐོག ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། དེ་ཡང་གཅིག་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་གང་མགྱོགས་བྱེད་དགོས། གསུམ་ནས་སློབ་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། བཞི་ནས་བསྒྱུར་བཅོས་གསར་གཏོད་ཟབ་སྤེལ་བྱེད་པའི་ཁྲོད་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་དགོས། ལྔ་ནས་རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཞིག་ཡིན། ཏང་གིས་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་མཉམ་འཛིན་སྤྱི་སྒྲུབ། སྡེ་ཁག་གིས་རང་འགན་རང་འཁུར་བཅས་བྱེད་པའི་སློབ་གསོའི་འགོ་ཁྲིད་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཡིད་ཆེས་བརྟན་གཏོང་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། རིན་ཆེན་འཚོ།