ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དཔལ་འབྱོར་གླེང་སྟེཊ་འདིར་ཤིས་ཚིག་སྒྲོན་གནང་བ།

2023-05-25 16:32:00     责编:桑吉卓玛

ཞི་ཅིན་ཕིང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་གནང་བ།

སྤྱི་ཟླ་5པའི་ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་ཐོག་ནས་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་འདི་ཉིད་ལོ་བརྒྱའི་རིང་ཐོན་མྱོང་མེད་པའི་འགྱུར་ལྡོག་ཆེན་པོའི་སྐབས་སུ་གནས་ཡོད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལོ་རྒྱུས་རླབས་རྒྱུན་འགོག་ཐབས་བྲལ་ཡོད། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཡིན། ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་དང་། རྒྱལ་ཁབ་མང་ཤོས། ཤེས་དཔལ་སྣ་རིགས་མང་ཤོས་བཅས་ཀྱི་ས་ཁུལ་ཞིག་ཡིན། ཟང་ཟིང་དང་འཕོ་འགྱུར་ཆེ་བའི་འཛམ་གླིང་ཁྲོད་ཨ་ཤེ་ཡ་དང་ཡོ་རོབ་ཀྱིས་མཉམ་ལས་ཀྱི་ལམ་བུའི་ཐོག་ཇི་ལྟར་བསྐྱོད་དགོས་མིན་དེ་ནི་ས་ཁུལ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་མ་ཟད། དེས་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དུས་རབས་ཀྱི་དྲི་བ་དང་ལོ་རྒྱུས་ཀྱི་དྲི་བ་འདིར་ཀྲུང་གོས་ལན་ཁ་གསལ་བརྒྱབ་ཡོད། ངས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་ནས་རྒྱལ་ཁབ་ཁག་གིས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུན་མོང་ཐོག་གཞོལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། ད་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན། གྲོས་འགོ་འདིའི་ཐོག་མའི་སྐུལ་སློང་དང་མཐར་གཏུགས་ཀྱི་དམིགས་ཡུལ་ནི་གཉེན་གྲོགས་ཀུན་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཐབས་ཤེས་གསར་པ་འཚོལ་ཞིབ་བྱ་རྒྱུ་དང་། རྒྱལ་ཁབ་ཁག་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་པ་བསྐྲུན་པའི“བདེ་སྐྱིད་ཀྱི་ལམ་བུ”གཏོད་རྒྱུ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་གཏོགས་ཤིག་ཡིན་པའི་ངོས་ནས། ཀྲུང་གོའི་འཕེལ་རྒྱས་དེ་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ས་ཁུལ་དང་བྲལ་ཐབས་མེད་ལ། དེས་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ས་ཁུལ་ལའང་ཕན་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་རྒྱུ་གཉིས་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བ་བྱས་ཐོག རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ལག་གདང་སྦྲེལ་ནས་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་སྙིང་དབུས་ནས་འཆང་བཞིན་ཡོད། ད་ལོའི་ལོ་སྨད་དུ། ཀྲུང་གོ་ཕྱོགས་ཀྱིས་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་འཚོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས། གོ་སྐབས་མཉམ་སྤྱོད་དང་། དུས་ངལ་མཉམ་སེལ། ཐུན་མོང་ཐོག་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་སྣེ་མང་ཅན་གྱི་འཛམ་གླིང་ཤེས་དཔལ་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་ནན་སྟོན་གནང་འདུག

ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་དེ་སྤྱི་ཟླ་5ཚེས་24ཉིན་ཨུ་རུ་སུའི་མོ་སི་ཁོར་དྲ་ཐོག་དང་ཚོགས་ར་དངོས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གཉེར་བ་དང་། དེའི་བརྗོད་དོན་གཙོ་བོ་ནི“སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་ཡོ་རོབ་དང་ཨ་ཤེ་ཡ་གཞི་གཅིག་ཅན”ཞེས་པ་དེ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་དཔལ་འབྱོར་གླེང་སྟེཊ་འདིར་ཤིས་ཚིག་སྒྲོན་གནང་བ།

ཞི་ཅིན་ཕིང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་གནང་བ།