ཞི་ཅིན་ཕིང་གིས་ཨའོ་མོན་གྱི་སློབ་ཆེན་འདིར་འཕྲིན་ལན་སྤྲིངས་པ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་5པའི་ཚེས་23ཉིན“ཨའོ་མོན་ཚན་རིག་དང་པོ་རྟགས་ཅན”སྲུང་སྐར་ཞིབ་བཟོའི་ལས་དོན་ནང་ཞུགས་པའི ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་ནང་གི་ཡིག་འབྲུ་རེ་རེ་ལས། ཁྱེད་ཚོས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་གཞག་དང་མཁའ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་སྤྲོ་སེམས་དང་འགན་འཁྲི་འཁུར་སེམས་ཚོར་བྱུང་། ཁྱེད་ཚོས་མཉམ་དུ་ཞིབ་བཟོ་བྱས་པའི“ཨའོ་མོན་ཚན་རིག་དང་པོ་རྟགས་ཅན” གྱི་སྲུང་སྐར་འཕེན་གཏོང་ལེགས་འགྲུབ་ཐུབ་པ་ཤེས་བྱུང་བས། ཁྱེད་ཚོར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཨའོ་མོན་གྱིས་ནང་ས་དང་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས། ཨའོ་མོན་གྱི་མཐོ་སློབ་དང་ཨའོ་མོན་གྱི་ཚན་རྩལ་ལས་དོན་པར་དེ་བས་རྒྱ་ཆེ་བའི་གོང་འཕེལ་གྱི་བར་ཁམས་བཏོད་ཡོད། ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ཁྲོད་ཧུར་ཐག་ཞུགས་པ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོ་ཁུལ་གྱི་འཛུགས་སྐྲུན་ཁྲོད་ཧུར་ཐག་ཞུགས་པ་བཅས་བྱས་ཐོག ཨའོ་མོན་གྱི་དཔལ་འབྱོར་སྣེ་མང་འོས་འཚམ་རང་བཞིན་སྒོ་ནས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་རྒྱལ་ཁའི་ངང་ལག་བསྟར་ཐུབ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
“ཨའོ་མོན་ཚན་རིག་དང་པོ་རྟགས་ཅན”གྱི་སྲུང་སྐར་ནི་ནང་ས་དང་ཨའོ་མོན་གྱིས་མཉམ་ལས་ངང་ཞིབ་བཟོ་བྱས་པའི་བར་སྣང་ཁམས་ཀྱི་ཚན་རིག་སྲུང་སྐར་ཐོག་མ་དེ་ཡིན་པ་དང་། གང་དེ་གཙོ་བོ་ས་གོ་ལའི་ཁབ་ལེན་ར་བའི་འཚོལ་ཞིབ་དང་ཞིབ་འཇུག་ཐད་བཀོལ་སྤྱོད་བྱེད་ཀྱི་ཡོད། སྤྱི་ཟླ་5པའི་ཚེས་21ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་ལེགས་འགྲུབ་བྱུང་ཡོད། སྲུང་སྐར་ཞིབ་བཟོའི་ཁྲོད་ཞུགས་པའི་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མི་18ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། སྲུང་སྐར་འཕེན་གཏོང་ལེགས་འགྲུབ་བྱུང་བའི་གཏམ་བཟང་དང་སྲུང་སྐར་ཞིབ་བཟོའི་ལས་དོན་ཁྲོད་ཞུགས་པའི་མྱོང་ཚོར་སྙན་སེང་ཞུས་ཏེ། མེས་རྒྱལ་གྱི་ཚན་ཞིབ་འཛུགས་སྐྲུན་ཁྲོད་ཧུར་ཐག་ངང་ཞུགས་རྒྱུའི་རེ་འདུན་དང་ཆོད་སེམས་མཚོན་པར་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། རིན་ཆེན་དབང་འདུས།